མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་ཀྱི་བཟོ་ཚོང་མཉམ་འབྲེལ་ལས་རིགས་དང་དཔལ་འབྱོར་ལས་རིགས་ཀྱི་གྲོས་སྡུར་ལ་ཞུགས།

  2024-01-26 18:38:09 

ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་བཟོ་ཚོང་མཉམ་འབྲེལ་ལས་རིགས་དང་དཔལ་འབྱོར་ལས་རིགས་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་པ།

ཟླ1པོའི་ཚེས25ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་ཞིང་ཆེན་སྲིད་གྲོས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་གཉིས་པའི་བཟོ་ཚོང་མཉམ་འབྲེལ་ལས་རིགས་དང་དཔལ་འབྱོར་ལས་རིགས་མཉམ་འབྲེལ་ཚན་ཆུང་གི་གྲོས་སྡུར་ལ་ཞུགས་སྐབས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་ཟབ་མོ་བྱེད་པ་དང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་བྱ་བ་གཙོ་བོ་དང་ཞིང་ཆེན་ཡོངས་ཀྱི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྤྱི་ཡོངས་ལ་དམ་དུ་དམིགས་ནས། སྡེ་ཁག་གི་དགེ་མཚན་དང་ཐོན་ཁུངས་དགེ་མཚན་འདོན་སྤེལ་གང་ལེགས་བྱེད་པ་དང་། གོ་སྐབས་དམ་འཛིན་དང་དུས་བབ་དང་བསྟུན་ནས། ཞིང་ཆེན་ཡོངས་སྤུས་ཚད་མཐོན་པོས་འཕེལ་རྒྱས་གཏོང་ཆེད་བློ་འདོན་ཇུས་འབུལ་དང་། ཤུགས་འདོན་སྐྱེས་འབུལ་བྱེད་དགོས་པ་ནན་གྱིས་བསྟན།

གྲོས་ཚོགས་སྟེང་། ཞིང་ཆེན་སྲིད་གྲོས་ཀྱི་ཨུ་ཡོན་ལེན་ཧྥིན་དང་། ཡུས་ཆིའུ་ཕིང་། ཀྲའོ་ཅན་ཝུན། ཨ་ལན། ཁྲིན་ཡུན། ལིའུ་གོ་ཝེ། ཝང་ཞིན་ཡོན། མཱ་ཡུས་ཁྲིན། ཧུ་ཧུང་པོ་བཅས་ཀྱིས་སྲིད་གཞུང་བྱ་བའི་སྙན་ཞུ་གཙོར་བཟུང་སྟེ། རྒྱལ་ཁབ་དག་གཙང་ནུས་ཁུངས་ཐོན་ལས་ཀྱི་མཐོ་ས་བསྐྲུན་པ་དང་། འཛམ་གླིང་རིམ་པའི་ཚྭ་མཚོ་ཐོན་ལས་རྟེན་གཞི་མྱུར་དུ་འཛུགས་པ། དེང་རབས་ཅན་གྱི་གླིང་ཁུལ་བསྐྲུན་པ། དམངས་གཉེར་དཔལ་འབྱོར་དར་རྒྱས་གོང་འཕེལ་གཏོང་བ། དངུལ་རྩ་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ། ནུས་ཁུངས་ཐོན་ཁུངས་ཀྱི་བདེ་འཇགས་འགན་སྲུང་ཤུགས་དྲག་ཏུ་གཏོང་བ་སོགས་ཀྱི་ཕྱོགས་ནས་གཏམ་བཤད། ཝུའུ་ཞའོ་ཅུན་གྱིས་གཏམ་བཤད་ལ་ནན་ཏན་སྒོས་ཉན་རྗེས་རེ་རེ་བཞིན་ལན་བཏབ། ཁོས་བཤད་རྒྱུར། ཚང་མས་སྲིད་གཞུང་བྱ་བའི་ཐད་ཡང་དག་གནད་འཁེལ་གྱི་ལྟ་ཚུལ་བཏོན་པས། ཞིང་ཆེན་སྲིད་གཞུང་གིས་ཞིབ་འཇུག་ནན་མོ་དང་། བསྡུ་ལེན་གང་ལེགས་བྱས་ཏེ། བྱེ་བྲག་གི་བྱ་བའི་སྟེང་དོན་འཁྱོལ་བྱེད་རྒྱུ་ཡིན་ཟེར།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ན་ནིང་དོན་ཆེན་དང་དོན་གནད་དཀའ་གནད་སོགས་རྙོག་འཛིང་གི་རྣམ་པར་གདོང་གཏོད་དུས། སྲིད་གྲོས་ཨུ་ཡོན་གྱིས་སྤྱི་ཡོངས་ལ་ཞབས་འདེགས་ཞུས་ནས་ཁག་ཁུར་མངོན་པར་བྱས་ཤིང་། འགན་སྒྲུབ་མཐའ་འཁྱོལ་བྱས་ནས་བརྩེ་སེམས་མཚོན་པར་བྱས་ལ། སྲིད་གླེང་ཇུས་འདོན་གྱི་ཆུ་ཚད་མངོན་པར་བྱས་པར་མ་ཟད། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ་སྲིད་གྲོས་ཀྱི་བློ་གྲོས་ཕུལ་བ་དང་། དོན་ཆེན་དོན་གནད་དཀའ་གནད་བཅས་ལ་དམིགས་ཏེ་སྲིད་གྲོས་ཀྱི་ནུས་པ་བཏོན་ཞིང་། མཐུན་སྒྲིལ་ཆེན་པོ་དང་མཉམ་འབྲེལ་ཆེན་པོར་སྐུལ་འདེད་གཏོང་ཆེད་སྲིད་གྲོས་ཀྱི་སྟོབས་ཤུགས་གཅིག་བསྡུ་བྱས་ཏེ། དུས་རབས་གསར་པའི་མི་དམངས་སྲིད་གྲོས་ཀྱི་གཟི་དཔལ་གསར་པ་མངོན་པར་བྱས་ཡོད། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་གྱིས་མཐུན་སྦྱོར་འབྲེལ་བ་དང་། སྟོབས་ཤུགས་གཅིག་བསྡུ། བློ་འདོན་ཇུས་འབུལ། སྤྱི་ཡོངས་ཞབས་འདེགས་སོགས་ཐད་ལ་ནུས་པ་གལ་ཆེན་མང་དུ་བཏོན་ནས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་རྩོམ་ཆེད་བྱས་རྗེས་ལེགས་པོ་འཇོག་དགོས་ཟེར།

ཝུའུ་ཞའོ་ཅུན་གྱིས་བཤད་རྒྱུར། ཁེ་ལས་ནི་དཔལ་འབྱོར་བྱེད་སྒོ་སྤེལ་བའི་ཟབ་ཞུགས་མཁན་གཙོ་བོ་དང་། ལས་ཞུགས་གོ་སྐབས་ཀྱི་འདོན་སྤྲོད་མཁན་གཙོ་བོ། ལག་རྩལ་ཡར་ཐོན་གྱི་སྐུལ་འདེད་མཁན་གཙོ་བོ་ཡིན་པས། ཡིད་ཆེས་དང་ཆོད་སེམས་སྔར་ལས་ཇེ་དྲག་ཏུ་གཏོང་དགོས་ཏེ། གནས་བབ་ཆེན་པོ་དམ་འཛིན་བྱེད་པའི་ཁྲོད་ཡིད་ཆེས་དང་གདིང་ཤུགས་ཇེ་དྲག་ཏུ་གཏོང་བ་དང་། གོ་སྐབས་དམ་འཛིན་བྱེད་པའི་ཁྲོད་དུས་བབ་དང་བསྟུན་ནས། རང་ཞིང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོན་པོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བའི་ཁྲོད་སྔར་ལས་ལྷག་པའི་ནུས་པ་བཏོན་ཏེ། འཕེལ་རྒྱས་མཉམ་སྐུལ་གྱི་ཐུན་མོང་འཆར་གཞི་འགོད་དགོས། མཚོ་སྔོན་གྱི་འཕེལ་རྒྱས་ཁྲོད་སྔར་ལས་འདྲེས་པར་བྱས་ཏེ། སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པ་དང་། ལྷད་མེད་ཐཱན་ཉུང་འཁོར་སྐྱོད་ཀྱི་དེང་རབས་ཐོན་ལས་མ་ལག་འཛུགས་པ། ནང་མཁོ་རྒྱ་སྐྱེད་ཀྱི་འཐབ་ཇུས་ཁྲོད་ཞུགས་པ་དང་ཞབས་འདེགས་ཞུས་ནས་རང་འགུལ་གྱི་བྱེད་ཕྱོགས་མངོན་པར་བྱེད་དགོས། དཔལ་འབྱོར་རྒྱུན་སྲིང་བརྟན་འཇགས་སྒོས་འཕེལ་བར་སྐུལ་འདེད་གཏོང་བའི་ཁྲོད་སྔར་ལས་ལྷག་པའི་རང་སྟེང་གི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། བཅོས་སྒྱུར་གསར་གཏོད་སྔར་ལས་ཇེ་ཟབ་ཏུ་བཏང་སྟེ། ཚན་རྩལ་གསར་གཏོད་གཏིང་ཟབ་སྒོས་སྤེལ་བ་དང་། ཐོན་ལས་ཕྲེང་འབྲེལ་དང་མཁོ་སྤྲོད་ཕྲེང་འབྲེལ་གྱི་ཁེ་ལས་གཙོ་བོ་དང་། གནད་འགག་གོ་རིམ་གྱི་ཁེ་ལས་རུ་འགྱུར་བར་ཤུགས་སྣོན་དགོས། དོ་དམ་གསར་གཏོད་ནན་འཛིན་བྱས་ཏེ། འཕེལ་རྒྱས་རྣམ་པ་དེ་གཙོ་བོ་དངོས་པོའི་ཐོན་ཁུངས་ཟད་གྲོན་ལ་བསྟེན་པ་ནས་ཚན་རྩལ་ཡར་ཐོན་ལ་བསྟེན་པ་དང་། ངལ་རྩོལ་པའི་སྤུས་ཚད་མཐོར་འདེགས་དང་དོ་དམ་གསར་གཏོད་ལ་བསྒྱུར་བར་སྐུལ་འདེད་གཏོང་དགོས། གཞི་གྲངས་ནུས་པ་ཤུགས་དྲག་ཏུ་བཏང་སྟེ། གཞི་གྲངས་ཅན་དུ་ཚུལ་སྒྱུར་དང་ལག་རྩལ་བཅོས་སྒྱུར་ལ་སྐུལ་འདེད་བཏང་ནས། གཞི་གྲངས་ཅན་གྱི་དུས་རབས་གསར་པའི་དོ་དམ་གྱི་རྣམ་པ་གསར་པ་འཚོལ་ཞིབ་བྱས་ཏེ་གྲུབ་པར་བྱེད་དགོས། འགན་འཁྲི་ཁག་ཁུར་སྔར་ལས་ཤུགས་དྲག་ཏུ་བཏང་སྟེ། ཁེ་ལས་པའི་སྙིང་སྟོབས་དར་སྤེལ་གཏོང་བ་དང་། དཔལ་འབྱོར་དང་སྤྱི་ཚོགས། ཁོར་ཡུག་བཅས་ཀྱི་འགན་འཁྲི་ཆེན་མོ་གསུམ་ལག་བསྟར་མཐའ་འཁྱོལ་བྱས་ནས། ཉེན་ཁ་འགོག་པ་དང་ཉེན་ཁ་སེལ་བའི་ནུས་པ་ཇེ་ཆེར་གཏོང་དགོས་ལ། སྤུས་ཚད་སྔར་ལས་བཟང་བ་དང་། ཕན་འབྲས་སྔར་ལས་མཐོ་བ། འགྲན་རྩོད་སྔར་ལས་དྲག་པའི་འཕེལ་རྒྱས་མངོན་འགྱུར་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག་གིས་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་བྱེད་པར་ཤུགས་བཏོན་ནས་སྐུལ་འདེད་གཏོང་བ་དང་། ཁེ་ལས་འཕེལ་རྒྱས་ཀྱི་དཀའ་གནད་སེལ་བར་ཤུགས་འདོན་པ་དང་། ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སྒྱུར་བྱས་ཏེ། རིགས་སོ་སོའི་ཁེ་ལས་འཚར་ལོངས་འབྱུང་བ་དང་འཕེལ་རྒྱས་གཏོང་ཆེད་ཞབས་ཞུ་འགན་སྲུང་ཡག་པོ་བྱེད་དགོས།

ཀྲང་ཞའོ་རུང་དང་། མཱ་ཧྥིན་ཧྲིན་གྲོས་སྡུར་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།