ཞིང་ཆེན་གྱི་མགོ་ཁྲིད་པས་ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མིར་འཚམས་འདྲི་བྱས་པ།
ཟླ1པོའི་ཚེས23ཉིན་གྱི་སྔ་དྲོར། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅིའམ་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཁྲེན་ཀང་དང་། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པའམ་ཧྲེང་ཀྲང་ཝུའུ་ཞའོ་ཅུན། ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ་ལིའུ་ཆི་ཧྥན་སོགས་ཞིང་ཆེན་གྱི་མགོ་ཁྲིད་འཐུས་མི་ཚོགས་པ་སོ་སོར་ཡོང་སྟེ།ཞིང་ཆེན་དམངས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པར་ཞུགས་པའི་འཐུས་མིར་འཚམས་འདྲི་བྱས།
ཁྲེན་ཀང་དང་ཝུའུ་ཞའོ་ཅུན། ལིའུ་ཆི་ཧྥན་སོགས་གནས་རེ་ལ་སླེབས་རྗེས། ཚང་མར་ལྷག་བསམ་ཟོལ་མེད་ཀྱིས་བཀའ་དྲིན་དང་དཔྱིད་གསར་གྱི་སྨོན་འདུན་ཞུས། འདས་པའི་ལོ་ངོ་གཅིག་གི་རིང་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མགོ་ཁྲིད་བརྟན་པོའི་འོག ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས་ཞིང་ཆེན་གྱི་གོང་འོག་ཀུན་ལ་མཐུན་སྒྲིལ་དང་སྣེ་ཁྲིད་དེ། ལས་དོན་ཆེ་ཤོས་ལ་འཆར་འགོད་དང་དོན་དག་གལ་ཆེན་དམ་འཛིན། དཀའ་གནད་སེལ་ཐབས་དང་བྲེལ་བ་ཆེ་བའི་བྱ་བ་ཐག་གཅོད་བཅས་བྱས་ཏེ། “ལས་བྱེད་པས་བསྒྲུབ་དགོས། རིག་ལམ་གསལ་དགོས། རང་གཅུན་ནན་དགོས་པ”བཅས་ཀྱི་ཐད་ནུས་ཤུགས་གཅིག་སྒྲིལ་བྱས་ཏེ། དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་ཐད་ཐོབ་དཀའ་བའི་གྲུབ་འབྲས་བླངས་ཡོད། ལོ་གསར་པར་གོ་སྐབས་དང་འགྲན་སློང་གཉིས་ལྡན་ཡིན་པས། ལོ་རྒྱུས་ཀྱི་མགོ་རྩོམ་པའི་དུས་སྐབས་གལ་ཆེན་དམ་འཛིན་བྱ་དགོས་ལ། འཐབ་འཛིང་གི་སྙིང་སྟོབས་དར་སྤེལ་གཏོང་བ་དང་མུ་མཐུད་དུ་དཀའ་སྡུག་གདོང་གིས་བསུ་བཞིན་མདུན་དུ་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་བྲིས་པའི་འཆར་འགོད་རི་མོ་བརྗིད་ཉམས་ལྡན་པ་དེ་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་ཧུར་ཐག་གིས་བསྒྱུར་དགོས། ད་ལོའི་ཚོགས་ཆེན་གཉིས་ནི་ཞིང་ཆེན་ཡོངས་ཀྱིས་ནུས་ཤུགས་གཅིག་སྒྲིལ་སྒོས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་སྐུལ་འདེད་གཏོང་བའི་དུས་སྐབས་གལ་ཆེན་དུ་འཚོགས་པའི་གྲོས་ཚོགས་ཤིན་ཏུ་གལ་ཆེ་བ་ཞིག་ཡིན་པས། ཞིང་ཆེན་ཡོངས་ཀྱི་གོང་འོག་ཀུན་གྱིས་བསམ་བློ་གཅིག་གྱུར་དང་ཐུན་མོང་གི་ངོས་འཛིན་གོང་བུར་འགྲིལ་བར་བྱེད་པ། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པ་དེ་ཐེམ་སྐས་གསར་པ་ཞིག་ཏུ་སླེབས་པར་སྐུལ་འདེད་གཏོང་བ་བཅས་ལ་དོན་སྙིང་གལ་ཆེན་ལྡན་ལ། ཞིང་ཆེན་ཡོངས་ཀྱི་མི་དམངས་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན། དམངས་ཆེན་འཐུས་མིའི་འགན་འཁྲི་ལྕི་ལ་ལས་འགན་གཟི་བརྗིད་ལྡན་པ་ཞིག་ཡིན་པས། ཚང་མས་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཐོག་མཐའ་བར་གསུམ་དུ་ཁོང་དུ་ཆུད་པར་བྱ་རྒྱུ་དང་། འཐུས་མིའི་ལས་འགན་དང་འགན་འཁྲི་ལག་བསྟར་ནན་ཏན་བྱས་ནས། མཚོ་སྔོན་གྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་བ་དང་མང་ཚོགས་ཀྱིས་སེམས་ཁུར་དང་དོ་སྣང་བྱེད་བཞིན་པའི་རྒྱ་ཁྱབ་ཀྱི་གནད་དོན་ལ་དམ་པོར་དམིགས་ཏེ། ཡར་ཞུ་སོ་སོར་སེམས་ཞིབ་མོས་གྲོས་ཞིབ་དང་ཧུར་ཐག་གིས་ཐབས་འདོན་ཇུས་འབུལ་བྱེད་པ། ཚོགས་སྲོལ་ཚོགས་སྒྲིག་ལེགས་པོ་སྲུང་འཛིན་ཡག་པོ་བྱས་ནས། ཚོགས་ཆེན་གྱི་གྲོས་རིམ་སོ་སོ་བདེ་བླག་ངང་ཡོངས་འགྲུབ་བྱེད་པར་ཁག་ཐེག་བྱ་དགོས།
འཐུས་མི་རྣམས་ཀྱིས་གཅིག་རྗེས་གཉིས་མཐུད་དུ་བསྟན་དོན། ཏང་དང་མི་དམངས་ཀྱི་རེ་འདུན་སྟོང་ཟད་དུ་མི་གཏོང་བར། ཚད་མཐོ་བའི་ཆབ་སྲིད་ཀྱི་འགན་འཁྲིའི་སྣང་བ་དང་བསམ་པའི་ཉམས་འགྱུར་ལེགས་པོས་རང་གི་འགན་འཁྲི་ནན་སྒྲུབ་བྱས་ནས། གྲོས་ཚོགས་ལ་ཆ་ཡོངས་ནས་རྒྱལ་ཁ་ལེན་པར་ཁག་ཐེག་བྱས་ཏེ། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་གསར་པ་འབད་པས་འབྲི་བར་བློ་གྲོས་དང་སྟོབས་ཤུགས་དབུལ་རྒྱུ་ཡིན་པར་བསྟན།
ཝང་ལི་མིང་དང་ཀྲུའུ་ཞང་ཧྥེང་། དབྱང་ཧྥེང་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏེ། ཀྲང་ཧོང་ཡོན། ལོའུ་ཀང་བཅས་མཉམ་དུ་འཚམས་འདྲིར་ཕྱིན།