ཟླ1པོའི་ཚེས23ཉིན་གྱི་ཕྱི་དྲོར། ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་གྲོས་ཚོགས་ཐེངས་གཉིས་པས་མཚོ་སྔོན་གྲོས་ཚོགས་ལྟེ་གནས་ཀྱི་ཚོགས་ཁང་ཆེན་མོ་རུ་གྲ་སྒྲིག་གྲོས་ཚོགས་བསྡུས། ཚོགས་ཆེན་ལ་ཞུགས་དགོས་པའི་འཐུས་མི390ཡོད་པ་དང་། འཐུས་མི360གྲ་སྒྲིག་གྲོས་ཚོགས་ལ་ཞུགས་པ་དེ་ཁྲིམས་བཀོད་མི་གྲངས་དང་མཐུན།
ཞིང་ཆེན་དམངས་འཐུས་ཚོགས་ཆེན་སྐབས་བཅུ་བཞི་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁྲིན་ཀང་དང་། ཀྲུའུ་རིན་གཞོན་པ་ཝང་ལིས་མེན་དང་དབྱང་ཧྥིན་ཁྲུན། ཉི་མ་སྒྲོལ་མ། ལིའུ་ཐུང་ཏི། ཀྲང་ཧོང་ཡོན། ལོའུ་ཀང་། དྲུང་ཡིག་ཆེན་མོ་ཁྲིན་ཏུང་ཁྲང་བཅས་གྲོས་ཚོགས་ལ་ཞུགས་པར་མ་ཟད་ཀྲུའུ་ཞིའི་སྟེགས་བུ་སྟེང་བསྡད་ཡོད།
གྲོས་ཚོགས་ལ་ཝང་ལིས་མེན་གྱིས་མགོ་འཛིན་བྱས། གྲོས་ཚོགས་ལ་བསྡོམས་པས་གྲོས་རིམ་གསུམ་ཡོད་དེ།
གཅིག ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པ་དང་དྲུང་ཡིག་ཆེན་མོ་གདམ་རྒྱུ།
གཉིས། གྲོས་ཚོགས་ཀྱི་གྲོས་རིམ་འཆར་ཟིན་ལ་བརྡས་ཐག་གཅོད་རྒྱུ།
གསུམ། འཐུས་ཚབ་ཚོགས་པ་སོ་སོའི་ཚོགས་གཙོ་དང་ཚོགས་གཙོ་གཞོན་པའི་མིང་ཐོ་ཁྱབ་སྒྲོག་བྱ་རྒྱུ་བཅས་རེད།
ཚོགས་ཐོག་ནས་རིམ་པ་ལྟར་གོང་གི་གྲོས་རིམ་གསུམ་པོར་གྲོས་འཆམ་བྱུང་།