མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི་སྲོལ་ཡིག་གཉིས་སང་ལོ་ནས་ལག་བསྟར་བྱ་རྒྱུ་རེད།

  2023-12-27 18:26:50 

ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་གསར་འགྱུར་སྒྲོག་སྤེལ་ཚོགས་འདུ་བསྡུས་ཏེ་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཆས་ལ་རྒོལ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་དེ་སང་ལོའི་ཟླ1པོ་ཚེས1ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་ཁྱབ་བསྒྲགས་བྱས།

ཟླ12པའི་ཚེས26ཉིན་གསར་འགོད་པས་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཐིང་གིས་བསྡུས་པའི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་སྐབས་བཅུ་བཞི་པའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་ལྔ་པ་ནས་གྲོས་འཆམ་བྱུང་བའི་མཚོ་སྔོན་ཞིང་ཆེན་གྱི་ཁྱིམ་ཚང་གི་དྲག་ཆས་ལ་རྒོལ་བའི་སྲོལ་ཡིག་དང་མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་དེ་སང་ལོའི་ཟླ1པོའི་ཚེས1ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད།

སྒྲོག་སྤེལ་ཚོགས་འདུའི་སྟེང་། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་དང་ཞིང་ཆེན་གྱི་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་གྱིས་སྲོལ་ཡིག་དེ་གཉིས་ཀྱི་ཁྲིམས་འཛུགས་དམིགས་ཡུལ་དང་དོན་སྙིང་། བརྒྱུད་རིམ། ཁྱད་ཆོས་སོགས་ཀྱི་ཕྱོགས་ནས་སྲོལ་ཡིག་དེ་ལས་ཐག་གཅོད་བྱེད་དགོས་པའི་གནད་དོན་གཙོ་བོ་དང་ལག་ལེན་མཐར་ཕྱིན་བྱེད་པའི་བསམ་ཕྱོགས་བྱེད་ཐབས་སོགས་ཞིབ་ཏུ་མཚམས་སྦྱོར་བྱས།

མཚོ་སྔོན་ཞིང་ཆེན་གྱི་དངོས་ཟོང་སྐྱེལ་འདྲེན་རླངས་འཁོར་གྱི་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བ་བཅོས་སྐྱོང་བྱེད་པའི་སྲོལ་ཡིག་དེ་དངོས་སུ་ལག་བསྟར་བྱས་རྗེས། རྩ་བའི་ཐོག་གི་ལྟ་རྟོག་དོ་དམ་ལ་ཤུགས་སྣོན་པ་དང་མཉམ་འབྲེལ་ཁྲིམས་འཛིན་འཐུས་ཚང་དུ་གཏོང་བ། ཚན་རྩལ་གྱིས་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བའི་བྱ་སྤྱོད་བཅོས་སྐྱོང་བྱེད་པར་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་ནས་ནུས་པ་གལ་ཆེན་འདོན་སྤེལ་བྱས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་སྔར་ལས་ལྷག་པའི་སྒོ་ནས་མྱུར་ཚད་དང་ཐེག་ཚད་ལས་བརྒལ་བའི་ཁྲིམས་འགལ་བྱ་སྤྱོད་བཅོས་སྐྱོང་བྱེད་པ་དང་། གཞུང་ལམ་སྐྱེལ་འདྲེན་གྱི་བདེ་འཇགས་ཀྱི་གནས་བབ་བཟང་བོ་སྲུང་འཛིན་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་ཐུབ་ངེས་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།