ཞི་ཅིན་ཕིང་དང་ཁིན་ནི་ཡའི་ཙུང་ཐུང་གིས་ཀྲུང་གོ་དང་ཁིན་ནི་ཡའི་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་བ།
ཟླ12པའི་ཚེས14ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཁིན་ནི་ཡའི་ཙུང་ཐུང་ལུའུ་ཐོ་གཉིས་ཀྱིས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་ནས་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བར་རྟེན་འབྲེལ་ཞུས།
ཞི་ཅིན་ཕིང་གིས་འབྲེལ་བ་བཙུགས་ནས་ལོ60ཡི་རིང་ལ། ཀྲུང་གོ་དང་ཁིན་ནི་ཡ་རྒྱལ་ཁབ་གཉིས་ཀྱིས་ཐོག་མཐའ་བར་གསུམ་དུ་དཔུང་པ་མཉམ་གཤིབ་དང་ལག་གདང་སྦྲེལ་ནས་འཕེལ་རྒྱས་བཏང་སྟེ་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་པའི་གྲོགས་པོ་བཟང་པོ་དང་དཔལ་འབྱོར་ཐད་མཉམ་ལས་གཉིས་ཕན་གྱི་ཟླ་གྲོགས་བཟང་པོར་གྱུར་ཡོད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་ཀྱི་མཐོ་རིམ་བར་འགྲོ་འོང་བྱེད་ཚད་མང་བ་དང་ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་མུ་མཐུད་དུ་ཇེ་ཟབ་ཏུ་ཕྱིན་ནས“རྒྱུད་གཅིག་ལམ་གཅིག”གི་མཉམ་ལས་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་མདུན་གྲལ་དུ་སླེབས་ནས་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་པར་མ་ཟད། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ད་ལོའི་ཟླ10པར་ཙུང་ཐུང་ལུའུ་ཐོ་ཀྲུང་གོར་ཡོང་ནས་སྐབས་གསུམ་པའི“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ལ་ཞུགས་པ་དང་། ང་ཚོའི་བར་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་གོང་འཕེལ་དུ་གཏོང་བའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་བྱུང་ཡོད། ངས་ཀྲུང་གོ་དང་ཁིན་ཉི་ཡ་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་ཙུང་ཐུང་ལུའུ་ཐོ་དང་མཉམ་དུ་འབད་བརྩོན་བྱས་ཏེ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ60འཁོར་བ་འགོ་འཛུགས་སར་བྱེད་པ་དང་། རང་སོ་སོའི་རྒྱལ་ཁབ་འཕེལ་རྒྱས་དང་དར་རྒྱས་གཏོང་བའི་སྐྱོད་ལམ་སྟེང་ཁྱད་ཆོས་མངོན་གསལ་དོད་པའི་མཉམ་ལས་ཀྱི་ལམ་དུ་བསྐྱོད་དེ་ཀྲུང་གོ་དང་ཁིན་ནི་ཡ་གཉིས་ཀྱི་ཁྱོན་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་རེས་འབྲེལ་བའི་ནང་དོན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་ནས་དུས་རབས་གསར་པའི་ཀྲུང་གོ་དང་ཁིན་ནི་ཡའི་ལས་སྐལ་གཅིག་མཐུན་ཚོགས་པ་སྔར་ལས་དམ་པོ་བསྐྲུན་འདོད་ཡོད་ཅེས་གསུངས།
ལུའུ་ཐོ་ཡིས་བསྟན་དོན། འབྲེལ་བ་བཙུགས་ནས་ལོ60ཡི་རིང་ལ། ཁིན་ནི་ཡ་དང་ཀྲུང་གོ་རྒྱལ་ཁབ་གཉིས་ཀྱིས་ཐུན་མོང་ཐོག་རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་ལ་ཁ་གཏད་འཇལ་ནས་ཕན་ཚུན་བརྩི་འཇོག་དང་། ཕན་ཚུན་རྒྱབ་སྐྱོར། མཛའ་མཐུན་མཉམ་ལས། མཐུན་སྒྲིལ་རོགས་རེས་བཅས་མཐའ་འཁྱོངས་བྱས་པས་ཟླ་གྲོགས་འབྲེལ་བ་ཇེ་བརྟན་དུ་ཕྱིན་པ་དང་། ཕྱོགས་གཉིས་ཀྱི་དཔལ་འབྱོར་མཉམ་ལས་དང་རིག་གཞུང་བརྗེ་རེས་ལ་གྲུབ་འབྲས་ཕུན་སུམ་ཚོགས་པ་ཐོབ་ཡོད། ཁིན་ནི་ཡ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་དང་ཡའོ་ཧན་ནེ་སི་པའོ་ཡི་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་འགོ་ཁྲིད་པའི་གྲོས་མོལ་ཚོགས་འདུའི་གྲུབ་འབྲས་མཉམ་དུ་དོན་འཁྱོལ་ཡག་པོ་བྱས་ནས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བར་རྒྱུན་མཐུད་འཕེལ་རྒྱས་དང་། དར་རྒྱས་མཛའ་མཐུན། ཐུན་མོང་ཡར་རྒྱས་བཅས་ཀྱི་མཛེས་སྡུག་ལྡན་པའི་མ་འོངས་པ་གཏོད་འདོད་ཡོད་ཟེར།