ཟླ11པའི་ཚེས14ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བདེ་འཇགས་ཐོན་སྐྱེད་བཅའ་ཁྲིམས་ཁྲིམས་འཛིན་ཞིབ་བཤེར་ཚན་ཆུང་གིས་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་བསྡུས་ནས། ཁྲིམས་འཛིན་ཞིབ་བཤེར་ལས་དོན་ལ་ཕྱོགས་སྡོམ་དང་ཁྲིམས་འཛིན་ཞིབ་བཤེར་སྙན་ཞུའི་མ་ཡིག་ལ་ཞིབ་འཇུག་གྲོས་བསྡུར་བྱས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཝང་ཏུང་མེན་དང་ཀྲིན་ཅན་པང་། ཕིན་ཆིན་ཧྭ་བཅས་ཚོགས་འདུར་ཞུགས།
ཝང་ཏུང་མེན་གྱིས་འབྲེལ་ཡོད་སྙན་ཞུ་དང་བསམ་འཆར། གྲོས་གཞི་བཅས་ལ་ཉན་རྗེས། ད་ཐེངས་ཀྱི་ཁྲིམས་འཛིན་ཞིབ་བཤེར་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བདེ་འཇགས་ཐོན་སྐྱེད་སྐོར་གྱི་རྣམ་བཤད་དང་མཛུབ་སྟོན་གལ་ཆེན་ལག་བསྟར་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། ཟླ་བདུན་པར་དངོས་སུ་ལག་བསྟར་བྱེད་མགོ་བརྩམས་པའི་ཚུན་ལ། ཁྲིམས་འཛིན་ཞིབ་བཤེར་ལས་དོན་ལ་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། ཚད་གཞི་མཐོན་པོ་དང་བླང་བྱ་ནན་མོ་མུ་མཐུད་རྒྱུན་འཁྱོངས་བྱས་ནས། ཁྲིམས་འཛིན་ཞིབ་བཤེར་གྱི་རྗེས་མཁོའི་ལས་དོན་ཡག་པོར་སྒྲུབ་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་དང་ཁྲིམས་འཛིན་ཞིབ་བཤེར་གྱི་གཙོ་གནད་ལ་དམ་པོར་དམིགས་ནས། ཁྲིམས་འཛིན་ཞིབ་བཤེར་གྱི་སྙན་ཞུ་བཟོ་བཅོས་བྱས་ཏེ་སྔར་ལས་འཐུས་ཚང་དུ་གཏང་དགོས། རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཞིབ་ལས་དོན་ལ་གཞོགས་འདེགས་ཡག་པོ་བྱས་ནས། ཕྱོགས་སོ་སོས་ཁྲིམས་ཀྱིས་གཏན་འབེབས་བྱས་པའི་འགན་འཁྲི་ནུས་ལྡན་ངང་བསྒྲུབ་རྒྱུར་སྐུལ་འདེད་གཏོང་བ་དང་། བཅའ་ཁྲིམས་ཀྱི་འགན་འཁྲི་དོན་འཁྱོལ་ཡག་པོ་བྱ་དགོས། ཁྲིམས་འཛིན་ཞིབ་བཤེར་གྱི་མཇུག་མཐའི་བྱ་བ་དག་ཡག་པོར་བསྒྲུབ་ནས། རྗེས་འདེད་ལྟ་སྐུལ་ལ་ཤུགས་སྣོན་པ་དང་དག་ཐེར་དོན་འཁྱོལ་ལ་སྐུལ་འདེད་གཏོང་བ། མ་ལག་ཚང་བའི་ཁྲིམས་སྲོལ་དང་ཚད་གཞི་བཟོ་བར་བཟོ་བཅོས་རྒྱག་རྒྱུར་ཤུགས་སྣོན་པ་བཅས་བྱས་ནས། བདེ་འཇགས་ཐོན་སྐྱེད་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་གཏོང་ཆེད་འདེགས་སྐྱོར་ནུས་ལྡན་དང་ཁྲིམས་སྐྱོང་གི་འགན་ལེན་འདོན་སྤྲོད་བྱེད་དགོས་ཞེས་བསྟན།