ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་རྩ་འཛུགས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ཚོགས་འདུ་བསྡུས་པ།
ཉེ་ལམ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་རྩ་འཛུགས་བྱས་ནས་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ཚོགས་འདུ་བསྡུས་ཏེ། རིམ་པ་མང་པོའི་ཁོར་ཡུག་ཐོན་ཁུངས་ཁྲིམས་འཛུགས་ཐད་ཀྱི་ཆེད་མཁས་པ་རྩ་འཛུགས་བྱས་ཏེ་འཆར་ཟིན་མ་ཡིག་ལ་དཔྱད་སྒྲུབ་བྱས་ནས་འཐུས་ཚང་དུ་བཏང་།
འཆར་ཟིན་འགོད་མཁན་ཚན་ཆུང་གི་འགན་ཁུར་མི་སྣས་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་འཛུགས་སྐྲུན་བྱེད་པའི་ཁྲིམས་འཛུགས་བྱ་བའི་རྒྱབ་ལྗོངས་མཚམས་སྦྱོར་བྱས་པར་མ་ཟད། སྲོལ་ཡིག་འཆར་ཟིན་མ་ཡིག་བཀོད་པའི་གནས་ཚུལ་དང་ནང་དོན་གཙོ་བོ་གསལ་བཤད་བྱས་རྗེས། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་ཐོན་ཁུངས་ཨུ་ཡོན་ལྷན་ཁང་དང་རྒྱལ་ཁབ་སྐྱེ་ཁམས་ཁོར་ཡུག་པུའུ། རྒྱལ་ཁབ་ནགས་ལས་དང་རྩྭ་ས་ཅུའུ། ཆིན་ཧྭ་སློབ་ཆེན། པེ་ཅིང་སློབ་ཆེན་བཅས་ནས་ཡོང་བའི་ཆེད་མཁས་པ་དག་གིས་སྲོལ་ཡིག་འཆར་ཟིན་གྱི་བསམ་འཆར་བསྡུ་ལེན་མ་ཡིག་ལ་ཁས་ལེན་གང་ལེགས་དང་གདེང་འཇོག་ཆེན་པོ་བྱས། ཆེད་མཁས་པ་དག་གིས་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་གི་ཁྱད་ཆོས་དང་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་པ་དང་འཁྱགས་ཀླུང་ས་འཁྱགས་དང་ཚྭ་མཚོའི་སྐྱེ་ཁམས་སྲུང་སྐྱོབ། རི་སྐྱེས་སྲོག་ཆགས་ཀྱིས་གནོད་འཚེ་བཟོས་པའི་ཁ་གསབ་སོགས་གནད་དོན་གཙོ་བོར་དམིགས་ནས་གྲོས་བསྡུར་བྱས་པར་མ་ཟད། འཆར་ཟིན་གྱི་སྒྲོམ་གཞིའི་སྒྲིག་གཞི་དང་སྡེ་ཁག་གི་འགན་འཁྲི། བཅའ་ཁྲིམས་འགན་འཁྲི་བཀོད་སྒྲིག་སོགས་ཕྱོགས་ནས་དམིགས་སའི་རང་བཞིན་དང་འཛུགས་སྐྲུན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན།
ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་བསྟན་དོན། ཆེད་མཁས་པ་དག་ཁྲིམས་འཛུགས་ཁྲོད་ཞུགས་པར་གདན་ཞུ་བྱས་པ་ནི་ཚན་རིག་ཁྲིམས་འཛུགས་དང་དམངས་གཙོ་ཁྲིམས་འཛུགས། ཁྲིམས་ལྟར་ཁྲིམས་འཛུགས་བཅས་ལ་སྐུལ་འདེད་གཏོང་བ་དང་། ས་གནས་ཁྲིམས་འཛུགས་ཀྱི་སྤུས་ཚད་དང་ཕན་ནུས་མཐོར་འདེགས་གཏོང་བའི་འགན་སྲུང་གལ་ཆེན་ཞིག་ཡིན། ཞིང་ཆེན་དམངས་ཆེན་ཁོར་ཡུག་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གིས་རེ་རེ་བཞིན་ལེགས་སྒྲིག་ཞིབ་འཇུག་དང་བསྡུ་ལེན་བེད་སྤྱོད་གང་ལེགས་བྱས་ཏེ་ཁྲིམས་སྲོལ་འཆར་ཟིན་མ་ཡིག་བཟོ་བཅོས་འཐུས་ཚང་དུ་གཏོང་བའི་བྱ་བ་སྔར་ལས་བཟང་པོར་བསྒྲུབ་པ་དང་། སྤུས་ཚད་མཐོ་བའི་སྲོལ་ཡིག་འཆར་ཟིན་འགོད་པར་འགན་སྲུང་བྱེད་པ། ཟླ11པའི་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ལ་གྲོས་ཞིབ་བྱེད་པར་སྤྲད་དེ་འཛུགས་ཐུབ་པ་དང་ལག་བསྟར་བྱེད་ཆོག་པ། བྱེད་ནུས་ལྡན་པ་བཅས་ཀྱི་བཅའ་ཁྲིམས་བཟང་པོ་ཞིག་གཏན་འབེབས་བྱེད་རྒྱུ་བརྩོན་ལེན་བྱས་ནས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བཟང་པོ་བྱེད་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་འགོག་ར་འཛུགས་པར་དམངས་ཆེན་གྱི་སྟོབས་ཤུགས་འབུལ་ངེས་ཡིན་ཞེས་བསྟན།