(མཚོ་ལྷོ) གངས་ཆབ་ལྷ་སྲས།
དུས་ཀྱི་ལྷུང་བཟེད་ནང་དུ་དབྱར་གྱི་ཁ་ཆད་ལྷུང་།
སྤང་གི་ཁ་ཞེང་ཡངས།
རྩྭ་སྐྱ་ཡོམ་ཡོམ་གཡོ།
བསིལ་རླུང་ཞི་འཇམ་ངང་གིས་ལྡང་།
མགྲིན་པ་བརྣངས་བའི་བྱ་ཁྱུ་ལྷོ་རུ་འཕུར།
མིག་ལ་ཐོགས་པའི་རི་གྲོང་འདིའི་འཛུམ་མདངས་ཇེ་ཉམ་དུ་སོང་།
ཁྲུང་ཁྲུང་གིས་མཚོ་མཐའ་བློས་གཏོང་མི་བྲ་བ་བཞིན།
ངས་རང་གི་འདས་དོན་དག་ལ་བསམ་གཞིག་བྱེད་དགོས་བྱུང་།
སྟོན་ཟླ་ནི།
གྱེས་གདུང་གི་ཟླ་བ་ཞིག་སྟེ།
ཡང་ན།
ཁེར་རྐྱང་པ་ཚོས་རང་སེམས་ལ་བྱ་ར་བྱེད་སྟངས་གཞན་ཞིག་རེད།
སེར་ཐིག་འཁུར་བའི་ས་གཞིའི་སྒལ་ཚིགས་ཐོག་ཏུ།
ནེམ་ལྗང་རྩྭ་ཐང་གི་ལང་ཚོ་ཡལ་ཟིན་ནའང་།
མེ་ཏོག་སྣ་མང་གི་བསུང་ངད་མི་ཚོར་ནའང་།
འདབ་ལྡན་ཁུ་བྱུག་གི་གསུང་སྙན་མི་ཐོས་ནའང་།
འཇའ་འོད་འཕྲོས་པའི་གུར་ཆུང་མི་མཐོང་ནའང་།
ཙག་རླུང་གི་སོ་ཁར་མི་འཇིགས་པའི་་སྙིང་ཉེ་བ་འདི་ཚོས།
ང་ལ་གསོན་ཤུགས་བསྩལ་བྱུང་། རེ་བ་གནང་བྱུང་།
ད་དུང་། སྟོན་ཟླས་བྲིས་པའི་སྙན་ངག་དུམ་བུ་ཞིག་བསྟན་སོང་།
སྙིང་ཉེ་བ་ཚོ། ངས་དབུགས་རིང་ཞིག་ཕྱིར་ཕུད་རྗེས།
སྟོན་ཟླས། ལོ་ཟླའི་བག་ལ་ཞ་བའི་རྨི་ལམ་དཀྲོགས་སོང་།
སྟོན་ཟླས། མཚན་སྨག་རྒུམ་པའི་ཟླ་ཞལ་བྱིལ་བྱིལ་བཏང་།
སྟོན་ཟླས། སྲོད་ཀྱི་ཉི་འོད་ལ་ཞེ་འདང་ལྷག་མ་ཞིག་བྱིན།
སྟོན་ཟླས། ང་ལ་མི་དབང་བ་དག་འགྲེལ་བཤད་ཡང་དག་བྱས།
སྟོན་ཟླས། ང་ཡི་སེམས་ཚོར་ཕྲ་མོ་དབྱངས་སུ་གྱེར།