ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་མཐོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཟླ8པའི་ཚེས29ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྩ་འཛུགས་བྱས་ཏེ《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས》ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་གལ་ཆེན་དང་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོག་མའི་མཆན་བཀོད་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་བྱེད་པ་བཅས་གཙོར་བཟུང་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་རང་ཞིང་དུ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་པར་སྐུལ་འདེད་བཏང་།
ཚོགས་འདུ་ལས་བསྟན་དོན། མདོ་དབུས་མཐོ་སྒང་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནི་དམིགས་བསལ་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཆེད་དོན་བཅའ་ཁྲིམས་ཤིག་ཡིན་ལ། ད་ལོའི་ཟླ་དགུ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱ་རྒྱུ་རེད། བཅའ་ཁྲིམས་འདི་གཏན་འབེབས་བྱེད་དོན་ནི། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་ལེན་བསྟར་བའི་ཁྲིམས་སྐྱོང་གྲུབ་འབྲས་གལ་ཆེན་ཞིག་དང་། མདོ་དབུས་མཐོ་སྒང་དེ་རྒྱལ་ཡོངས་དང་ཡང་ན་རྒྱལ་སྤྱིའི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་རུ་བསྐྲུན་པའི་ཐད་སྣེ་ཁྲིད་ཀྱི་ནུས་པ་གལ་ཆེན་ཐོན་བཞིན་ཡོད་པས། རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་བཟོ་བའི་ཐད་བཅའ་ཁྲིམས་ཀྱི་སྟོབས་ཤུགས་ཆེན་པོ་འདོན་སྤྲོད་བྱས་ཡོད། བཅའ་ཁྲིམས་ཀྱིས་མདོ་དབུས་མཐོ་སྒང་གི་དམིགས་བསལ་རང་བཞིན་འབུར་དུ་ཐོན་པར་བྱེད་པ་དང་། སྐྱེ་ཁམས་སྲུང་སྐྱོང་ཨང་དང་པོར་འཇོག་པའི་རྒྱུན་སྐྱོང་བ། ཐོན་སྐྱེད་དང་འཚོ་བ། སྐྱེ་ཁམས་བཅས་ཀྱི་མཉམ་བསྲེས་འཕེལ་རྒྱས་མངོན་པར་བྱེད་པ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དོན་སྙིང་གལ་ཆེན་ལྡན།
ཚོགས་འདུ་ལས། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། བཅའ་ཁྲིམས་ལག་བསྟར་དངོས་འབེབས་བྱེད་པའི་ཆབ་སྲིད་ཀྱི་ལངས་གནས་མཐོ་རུ་གཏོང་བ་དང་། བཅའ་ཁྲིམས་ཀྱི་ཁྲིམས་འཛུགས་གཙོ་སྙིང་དང་སྲོག་ཤིང་བླང་བྱ་ཕྱོགས་ཡོངས་དང་ཡང་དག་པའི་སྒོ་ནས་ཁོང་དུ་ཆུད་པར་བྱེད་པ། ཁྲིམས་བཅད་འགན་འཁྲི་སོ་སོ་ལག་བསྟར་ནན་མོ་བྱེད་པ་བཅས་ཀྱིས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་མགོ་བཟང་པོ་ཞིག་རྩོམ་པར་ཁག་ཐེག་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་ཁྲིམས་སྐྱོང་བྱ་བར་ཆུ་ཚད་མཐོན་པོས་སྲུང་སྐྱོང་བྱེད་པའི་སྟོབས་ཤུགས་གཅིག་ཏུ་བསྡུ་དགོས་པ་བཅས་ཀྱི་བླང་བྱ་བཏོན།
ཚོགས་ཐོག་ཏུ། ཞིང་ཆེན་སྲིད་གཞུང་གི་འབྲེལ་ཡོད་སྡེ་ཁག་དང་། གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་ཁུར་མི་སྣས་བྱ་བའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་སློབ་སྦྱོང་དྲིལ་སྒྲོག་དང་། ལག་བསྟར་དངོས་འབེབས་བྱེད་པའི་ཐད་ནས་བསམ་ཚུལ་བརྗེ་རེས་བྱས།