ཟླ8པའི་ཚེས23ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་རྒྱུ་ནོར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་མཐོ་རིམ་མཐར་ཕྱིན་སློབ་མ་ལས་ཞུགས་སྐུལ་འདེད་གཏོང་བ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་དཔྱད་ཞིབ་བྱེད་པའི་རྟེན་གཞི་གལ་ཆེན་དུ་བྱས་ནས་ལྟ་སྐུལ་དོ་དམ་ཁེ་ལས་སོ་སོའི་བྱ་བའི་ལས་གཞི་རྒྱ་སྐྱེད་པ་དང་བསྡུ་ཚད་དང་སྒྲིག་གཞི་རྒྱ་ཇེ་ཆེར་བཏང་སྟེ། ཁྱོན་སྡོམ་ལས་ཞུགས་སྟེགས་བུ་ལེགས་ཤས་བདུན་བརྒྱ་ལྷག་འདོན་སྤྲོད་བྱས་ནས་འགུལ་སྐྱོད་དངོས་ལ་བརྟེན་ནས་མཐོ་རིམ་སློབ་གླིང་གི་མཐར་ཕྱིན་སློབ་མས་སྔར་ལས་སྤུས་ཚད་མཐོ་བའི་ལས་ཞུགས་བྱེད་པར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།
ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་གིས་མིག་སྔའི་མི་བཀོལ་དགོས་མཁོ་དང་སྔོན་ལ་འཇོན་མི་བསྡུ་རུབ་བྱེད་པ་གཅིག་གྱུར་བྱས་ཏེ། སྔོན་ལ་སློབ་རའི་འཇོན་མི་བསྡུ་བའི་བྱེད་སྒོར་ཞུགས་པའི་རྨང་གཞིའི་སྟེང་། དགོས་མཁོ་ཆེ་བའི་ལས་གནས་གསར་སྤེལ་བྱེད་ཚད་ཆེ་རུ་བཏང་ནས་མཐོ་རིམ་མཐར་ཕྱིན་སློབ་མར་ལས་ཞུགས་ཀྱི་གོ་སྐབས་དང་ལས་གནས་ཐོན་ཁུངས་སྔར་ལས་གང་མང་འདོན་སྤྲོད་བྱས། དེ་དང་མཉམ་དུ་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་མཚོ་སྔོན་སློབ་ཆེན་དང་མཚོ་སྔོན་མི་རིགས་སློབ་ཆེན་ཏང་ཨུ་དང་མཉམ་འབྲེལ་སྒོས་བྱ་བའི་ཇུས་གཞི་དཔར་འགྲེམ་བྱས་པ་དང་། རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་ཉིས་སྟོང་ཉེར་གསུམ་ལོའི་མཐོ་རིམ་མཐར་ཕྱིན་སློབ་མའི་ཆེད་དོན་ལས་ཞུགས་མི་བསྡུའི་བྱེད་སྒོ་སྤེལ། བྱེད་སྒོར་ལྟ་སྐུལ་དོ་དམ་ཁེ་ལས་བརྒྱད་ཀྱིས་གཞོག་འདེགས་ཧུར་ཐག་བྱས་པ་དང་། ཁྱོན་སྡོམ་ལས་ཞུགས་ལས་གནས་བཞི་བརྒྱ་ལྔ་བཅུ་ཡོད་ལ། ཐེངས་གཅིག་ལ་མི་བསྡུ་བའི་བྱེད་སྒོའི་ལས་ཞུགས་ལས་གནས་ཀྱི་གྲངས་ཀ་ཆེས་མཐོ་ཤས་སུ་སླེབས།
ཐོན་ལས་ཀྱི་གནས་བཞི་འཛུགས་སྐྲུན་བྱེད་པར་འཇོན་མིའི་འདེགས་སྐྱོར་འདོན་སྤྲོད་བྱེད་པ་དང་། ཞིང་ཆེན་ཏང་ཨུའི་རྩ་འཛུགས་པུའུ་དང་ཞིང་ཆེན་འཇོན་མིའི་གཞུང་སྒྲུབ་ཁང་གི་མཛུབ་སྟོན་འོག ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་འཇོན་མི་ནང་འདྲེན་དང་རང་འགུལ་སྒོས་བསྐྱེད་སྲིང་བྱེད་པ། ཐོན་ལས་བསྐྱེད་སྲིང་བྱེད་པ། ཐོན་ཁུངས་བགོ་སྒྲིག འཇོན་མིའི་དཔྱད་འཇོག ཞབས་ཞུ་འགན་སྲུང་སོགས་ཕྱོགས་ཀྱི་བྱེད་ཐབས་དང་སྲིད་ཇུས་ཁ་གསལ་བཟོས།
ཁེ་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་དགོས་མཁོར་དམིགས་ནས་ཞིང་ཆེན་རྒྱལ་དབང་རྒྱུ་ནོར་ལྟ་སྐུལ་དོ་དམ་ཨུ་ཡོན་ལྷན་ཁང་ཏང་ཨུ་ཡིས་ལས་ཞུགས་ལས་གནས་ཀྱི་སྦས་ཤུགས་སྔོན་འདོན་དང་མཐོ་རིམ་མཐར་ཕྱིན་སློབ་མའི་མི་བསྡུའི་གཞི་རྒྱ་ཆེར་བསྐྱེད་པ་དང་རང་རེའི་ཞིང་ཆེན་གྱི་ལས་ཞུགས་སྤྱི་ཡོངས་གཏན་འཇགས་ཡོང་བར་རྒྱལ་དབང་རྒྱུ་ནོར་ཨུ་ཡོན་ལྷན་ཁང་དང་རྒྱལ་དབང་ཁེ་ལས་ཀྱི་སྟོབས་ཤུགས་ཕུལ། ལྟ་སྐུལ་དོ་དམ་ཁེ་ལས་སོ་སོས་དགོས་མཁོ་དངོས་ལ་རྐང་བཙུགས་ནས་རིམ་པ་བགར་བ་དང་རིགས་དབྱེས་ནས་འཇོན་མི་གསོ་སྐྱོང་དང་དཔྱད་འཇོག བཀོལ་སྤྱོད། སྐུལ་མ་གཏོང་བའི་སྒྲིག་གཞི་བཅོས་སྒྱུར་གསར་གཏོད་དང་། འཇོན་མི་གསོ་སྐྱོང་དང་ཐོན་ལས་འཕེལ་རྒྱས་མཐུན་སྦྱོར་བྱེད་པའི་མ་ལག་གྲུབ་པར་བྱས།