མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཞིང་ཆེན་ཁྲིམས་ཁང་གིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དུ་ཁྲིམས་འཛིན་སྲུང་སྐྱོང་དྲིལ་སྒྲོག་རྟེན་གཞི་བཙུགས་པ།

  2023-08-23 11:52:19 

ཞིང་ཆེན་ཁྲིམས་ཁང་གིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་དྲིལ་སྒྲོག་རྟེན་གཞི་བཙུགས་ནས་སྒོ་བྱང་བཀལ་བ། 

ཟླ8པའི་ཚེས21ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཁྲིམས་ཁང་གིས་བརྒྱད་པའི་བཅོ་ལྔའི་རྒྱལ་ཡོངས་སྐྱེ་ཁམས་ཉིན་མོ་ཐོག་མའི་སྐབས་སུ་ཞིང་ཆེན་ནགས་རྩྭ་ཅུའུ་དང་མཉམ་འབྲེལ་བྱས་ཏེ་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་དུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོང་དྲིལ་སྒྲིག་རྟེན་གཞི་བཙུགས་ནས་སྒོ་བྱང་བཀལ་བ་དང་། གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་ཁྲིམས་འཛིན་དྲིལ་སྒྲོག སྐྱེ་ཁམས་སླར་གསོ། ཕྱོགས་བསྡུས་བཅོས་སྐྱོང་བཅས་མཉམ་བསྲེས་ཀྱི་ཁྲིམས་འཛིན་སྲུང་སྐྱོང་གི་ནང་རྐྱེན་གསར་པ་འཚོལ་ཞིབ་བྱས་ཏེ་རང་ཞིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་རྒྱལ་ཁབ་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་བརྟན་པོར་འཛུགས་པ། མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་ལ་སྲུང་སྐྱོང་བྱེད་པ་བཅས་ཀྱི་ཐད་སྟོབས་དང་ལྡན་པའི་ཁྲིམས་འཛིན་འགན་སྲུང་འདོན་སྤྲོད་བྱས།

མདོ་ལ་རི་བོ་ནི་རང་ཞིང་གི་བྱང་ཤར་ཕྱོགས་སུ་ཡོད་པ་དང་། རང་རྒྱལ་ནུབ་ཕྱོགས་ཀྱི་སྐྱེ་ཁམས་བདེ་འཇགས་འགོག་ར་གལ་ཆེན་དང་ཆུའི་ཐོན་ཁུངས་གལ་ཆེན་ཞིག་ཡིན་ལ། རང་རྒྱལ་གྱི་སྐྱེ་ཁམས་བྱེད་ནུས་ཁུལ་གཙོ་བོ་དང་སྐྱེ་དངོས་སྣ་མང་རང་བཞིན་གྱི་སྲུང་སྐྱོང་སྔོན་སྐྱོད་ཁུལ་ཡིན་པར་མ་ཟད། འཛམ་གླིང་གི་མཐོ་འཁྱགས་སོན་རྒྱུའི་ཐོན་ཁུངས་མཛོད་དང་རི་སྐྱེས་སྲོག་ཆགས་གནས་སྤོར་བྱེད་སའི་རྒྱུ་ལམ་གལ་ཆེན་ཡིན་པས། ཕུན་སུམ་ཚོགས་པའི་རང་བྱུང་ཐོན་ཁུངས་དང་སྣ་མང་རྙོག་འཛིང་གི་སྐྱེ་ཁམས་མ་ལག་ཡོད་པར་མ་ཟད། རྒྱལ་ཡོངས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དང་སྐྱེ་ཁམས་བདེ་འཇགས་སྲུང་སྐྱོབ་ཐད་བྱེད་ནུས་གལ་ཆེན་འདོན་བཞིན་ཡོད།

མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་མཚོ་སྔོན་ཁུལ་ཁོངས་སུ་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་འཛིན་སྲུང་སྐྱོབ་དྲིལ་སྒྲོག་རྟེན་གཞི་བཙུགས་པ་ནི་ཞིང་ཆེན་ཁྲིམས་ཁང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་གཟིགས་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པའི་འགུལ་སྐྱོད་དངོས་ཡིན་ལ། སྐྱེ་ཁམས་ཁུལ་ཁོངས་གཙོ་བོའི་ཁྲིམས་འཛིན་སྲུང་སྐྱོང་གཞི་གཅིག་ཅན་བསྐྲུན་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ཐད་ཁྲིམས་འཛིན་སྲུང་སྐྱོང་གཏིང་ཟབ་བྱེད་པའི་ལག་ལེན་དངོས་ཡིན་པར་མ་ཟད། དམངས་ཡོངས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་བསམ་བློའི་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་གཏོང་བའི་བྱེ་བྲག་གི་བྱེད་ཐབས་དེ་བས་ཀྱང་ཡིན།

ཞིང་ཆེན་ཁྲིམས་ཁང་ཁོངས་གཏོགས་ཀྱིས་མདོ་ལ་རི་བོ་རྒྱལ་ཁབ་སྤྱི་གླིང་གི་རྒྱལ་ཁབ་ཀྱི་དུས་ཡུན་རིང་བོའི་ཚན་ཞིབ་རྟེན་གཞིའི་རང་བྱུང་སློབ་གསོའི་ངོ་བོར་བརྟེན་ནས་རྟེན་གཞིའི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་སྐྱོང་འཛུགས་སྐྲུན་ཁྲོད་ཀྱི་རྨང་གཞི་རང་བཞིན་དང་འདེགས་སྐྱོར་རང་བཞིན་གྱི་བྱེད་ནུས་འདོན་སྤེལ་གང་ལེན་བྱེད་པ་དང་། སློབ་གསོའི་ཁྲིད་སྟོན་དང་དྲིལ་སྒྲོག་དཔེ་སྟོན་སོགས་ཀྱི་རྣམ་པ་བརྒྱུད་དེ་སྐྱེ་ཁམས་དཔལ་ཡོན་འདུ་ཤེས་ཀྱི་དྲིལ་སྒྲོག་མཁན་དང་དཔེ་སྟོན་ལག་ལེན་མཁན་བྱེད་པར་ཁྲིད་སྟོན་བྱེད་པ། སྤྱི་དམངས་ཀྱིས་རང་བྱུང་ཁམས་ལ་བརྩི་བཀུར་དང་རང་བྱུང་ཁམས་དང་བསྟུན་པ། རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པའི་སྐྱེ་ཁམས་དཔལ་ཡོན་གྱི་འདུ་ཤེས་གསར་པ་འཛུགས་པར་སྣེ་ཁྲིད་བྱེད་པ། ཁྲིམས་ལྟར་ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་སོགས་བྱས་ཏེ་རང་ཞིང་གི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་མཐོར་འདེགས་གཏོང་བར་སྐུལ་འདེད་གཏོང་རྒྱུ་རེད།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།