བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་པོ་ལྗོངས་ཁུལ་སྲུང་སྐྱོང་བེད་སྤྱོད་དོ་དམ་ཅུའུ་ཡིས་བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དུས་ལྟར་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ཚད་གཞི་མཐོ་བའི་སྒོ་ནས་བསྐྲུན་པར་སྐུལ་འདེད་གཏོང་བའི་འགུལ་སྐྱོད་དངོས་སུ་འགྱུར་བར་བྱས་ལ། དངོས་སྒྲུབ་གྲུབ་འབྲས་ཀྱིས་མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ཐད་གྲུབ་འབྲས་བཟང་བོ་བླངས།
མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་བྱས། རྒྱལ་ཁབ་ཀྱི་སྲིད་ཇུས་དང་མ་དངུལ། ལག་རྩལ་བཅས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་གནད་དོན་གལ་ཆེན་དང་ལས་དོན་གཙོ་བོ་མཐུན་སྦྱོར་ཐག་གཅོད་བྱས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་བསྐྲུན་པའི་ལག་བསྟར་ཇུས་གཞི་ལས་གསལ་བོར་བཏོན་པའི་ཕྱོགས་བརྒྱད་ཐད་ཀྱི་ལས་འགན་ཉེར་གསུམ་དེ། ཕྱོགས་དགུ་ལ་ཞིབ་ཚགས་སུ་བཏང་ནས་གཞི་རྩའི་ལས་འགན་ང་ལྔ་དང་གྲུབ་འབྲས་ཁག་རེ་ལྔ་ལ་བགོས་པ་དང་། ལས་དོན་ཁག་སོ་སོ་དངོས་འབེབས་བྱེད་པའི་བཟོ་བཀོད་རི་མོ་དང་། ལས་འགན་ཡི་གེ ལྟ་སྐུལ་སྐུལ་སྤེལ་སོགས་ཀྱི་ཐབས་བཀོད་དང་བྱེད་ཐབས་ནན་མོ་སྤྱད།
ལས་དོན་གཙོ་བོར་མུ་མཐུད་ནུས་ཤུགས་བཏོན། ཕྱོགས་བསྡུས་ཚན་རིག་ཞིབ་བཤེར་གྱི་བྱ་བའི་ཇུས་གཞི་གཏན་འབེབས་བྱས་ཏེ། ཆེད་ལས་དཔུང་ཁག་བཙུགས་པ་དང་ཕྱོགས་བཅུ་གཉིས་ལ་ཆེད་དོན་ཞིབ་བཤེར་བྱས། ཚན་རིག་དང་མཐུན་པར་ཁྱབ་ཁོངས་དང་ས་ཁུལ་དབྱེ་འབྱེད་བྱས་ཏེ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ཁྱབ་ཁོངས་དང་ས་ཁུལ་གསལ་འབྱེད་ཀྱི་སྙན་ཞུ་སྒྲིག་བཟོ་བྱས། མཚོ་སྔོན་པོ་བཞུར་རྒྱུན་གྱི་གྲོང་རྡལ་གསར་སྤེལ་དང་། གཏེར་ལས་དབང་ཆ་སོགས་རིགས་དགུ་ཡི་འགལ་ཟླ་གསེད་དཀྲོལ་ཞིབ་དཔྱད་བྱས་ཏེ། ཐག་གཅོད་ཇུས་གཞི་དང་འབྲེལ་ཡོད་ཐབས་ཇུས་བཏོན། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་ས་གནམ་གཞི་གཅིག་ཅན་གྱི་སྐྱེ་ཁམས་ལྟ་ཞིབ་མ་ལག་འཆར་འགོད་སྒྲིག་བཟོ་བྱས་ཏེ། མཚོ་སྔོན་པོའི་སྐྱེ་ཁམས་དྲ་རྒྱའི་ཚོར་ཤེས་མ་ལག་བཙུགས། མཚོ་སྔོན་པོའི་བརླན་སའི་བྱ་རིགས་ཀྱི་ཚན་རིག་ཤེས་བྱ་དྲིལ་སྒྲོག་བྱ་འགུལ་དང་རྒྱལ་སྤྱིའི་བརླན་ས་གལ་ཆེན་གྱི་ཞིབ་འཇུག་བགྲོ་གླེང་ཐོག་མ་སྤེལ་བ་དང་། རྒྱལ་ཁབ་སྤྱི་གླིང་གི་མུ་འབྲེལ་དྲིལ་སྒྲོག་བརྙན་ཐུང་ཁག་ལྔ་སྒྲིག་བཟོ་བྱས། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྣང་བརྙན་དང་མཚོན་བྱེད་རྒྱ་ཆེར་བསྡུ་སྒྲིག་བྱས་པས། རྒྱལ་ཁབ་སྤྱི་གླིང་ཚད་གཞི་མཐོ་བའི་སྒོ་ནས་བསྐྲུན་པའི་ཐད་རྨང་གཞི་བརྟན་པོ་བཏིངས།
རྩེ་རིམ་ཇུས་འགོད་ལ་ཤུགས་བསྣན། གསར་གཏོད་ཧུར་ཐག་དང་གཙོ་གནད་འབུར་ཐོན། བསམ་ཕྱོགས་རྒྱ་སྐྱེད་བཏང་ནས། མཚོ་སྔོན་པོ་ས་ཁུལ་གྱི་ཆུའི་ཐོན་ཁུངས་དང་མཚེའུ། བརླན་ས་བཅས་ལ་སྲུང་སྐྱོབ་གང་ལེགས་བྱས་པའི་རྨང་གཞིའི་སྟེང་། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་འཆར་འགོད་མ་ལག་གྲུབ་པར་བྱས་པ་དང་། ཡོན་ཧྲི་གསུམ་དང་རྒྱལ་ཁབ་འབྲེལ་ཡོད་པུའུ་ཨུ་དང་ཚན་རིག་ཞིབ་འཇུག་གླིང་གི་ཆེད་ལས་མཁས་པ་བཅོ་ལྔ་གདན་ཞུ་བྱས་ཏེ་ཆེད་མཁས་པའི་དཔྱད་སྒྲུབ་གྲོས་ཚོགས་བསྡུས་ལ། མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་འཆར་འགོད་མ་ལག་གི་ཇུས་གཞི་ལ་རིགས་པས་དཔྱད་སྒྲུབ་བྱས་ཏེ། ཕྱོགས་ཡོངས་ནས་ལེགས་སྒྱུར་དང་འཐུས་ཚང་དུ་བཏང་། འབྲེལ་ཡོད་ལས་དོན་དངོས་སྒྲུབ་དོན་འཁྱོལ་བྱས་ཏེ། མཚོ་སྔོན་པོའི་ཁྱད་ཆོས་འཛོམས་པའི་བརླན་ས་རིགས་ཀྱི་རྒྱལ་ཁབ་སྤྱི་གླིང་མ་ལག་འཛུགས་སྐྲུན་བྱས།