ཟླ8པའི་ཚེས14ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་ཁྲིམས་ཁང་གིས་དྲང་གཞག་དང་ལས་ཕྱོད་ལ་དམ་དུ་དམིགས་ནས། བརྗོད་དོན་སློབ་གསོ་སྤེལ་བ་བརྒྱུད་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་མ་ལག་རང་བཞིན་དང་། སྒྲིག་གཞི་རང་བཞིན། མཐུན་སྦྱོར་རང་བཞིན་བཅས་རྒྱུན་ཆད་མེད་པར་མཐོ་རུ་བཏང་བ་དང་། འདྲི་གཅོད་ལས་དོན་དེང་རབས་ཅན་གྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་མཚོ་སྔོན་གྱི་ལེའུ་འབྲི་བར་ཞབས་ཞུ་དང་འགན་སྲུང་བྱས།
ཏང་གི་གསར་གཏོད་གཞུང་ལུགས་བསླབ་གཞིའི་ཁྲོད་འཇོག་པ་དང་། དེ་སློབ་ཁྲིད་བྱེད་པ། སེམས་སུ་འཛིན་པ་བཅས་ལ་སྐུལ་འདེད་ཟབ་མོ་བཏང་སྟེ། བློ་བརྟན་འགྱུར་མེད་ཀྱིས་གཞུང་ལུགས་ཀྱིས་བསམ་བློར་དྲག་ཆས་སྤྲས་པའི་བླང་བྱ་དངོས་འབེབས་བྱས། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་ཆེད་དོན་སློབ་གསོའི་བཅོས་སྐྱོང་དང་། བྱེད་ཕྱོགས་ཀྱི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྐྱོང་སོགས་ཀྱི་ལས་དོན་གཏིང་ཟབ་ཏུ་སྤེལ་ཏེ། ཁྲིམས་འཛིན་ཐེ་གཏོགས་སྔོན་འགོག་བྱེད་པའི་སྒྲིག་ལམ་བཀའ་རྒྱ་ནན་མོ་ལག་བསྟར་བྱས་ནས། སྒྲིག་ཁྲིམས་དམ་པོ་དང་བྱེད་ཕྱོགས་ནན་མོ། བྱ་བའི་ཕན་འབྲས་བཅས་ལ་སྐུལ་འདེད་བཏང་། དགྲར་ལངས་སྟོབས་ཤུགས་སིམ་འདྲེས་དང་། གཏོར་བརླགས། མགོ་རྟིང་སློག་པ། ཁ་བྲལ་བཅས་ཀྱི་བྱ་འགུལ་སྤེལ་བར་རྡུང་རྡེག་ནན་མོ་དང་། དྲག་ཤུགས་ཀྱི་ནག་ཉེས་ཚབས་ཆེན་དང་བཙན་གཡེམ་རྐུ་འཕྲོག་སོགས་ཀྱི་གྱོད་གཞི་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་པར་མ་ཟད། འབྲེལ་ཡོད་ཡིག་ཆ་གཏན་འབེབས་དང་འཐུས་ཚང་དུ་བཏང་ནས། སྒྲིག་ཁྲིམས་ལྟར་འཕྲིན་བཅར་གནད་དོན་ཐག་གཅོད་བྱས་ཏེ། སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་དང་ཉེན་མཚམས་སྔར་ལས་ཇེ་བརྟན་དུ་བཏང་།
སྤྱི་ཡོངས་དང་དཀྱིལ་སྙིང་ལ་ཞབས་འདེགས་ཞུ་བའི་ཆུ་ཚད་སྔར་ལས་ཤུགས་ཡོད་དུ་གྱུར། ཚོང་དོན་གྱོད་གཞི་དང་། བུན་གཏོང་གཙང་རྩིས་གྱོད་དོན་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས་ཏེ། དངུལ་རྩ་དང་འབྲེལ་བའི་གྱོད་གཞིར་ཆེད་དོན་ལག་བསྟར་བྱ་འགུལ་སྤེལ་ནས། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་ཞུ་འགན་སྲུང་བྱེད་པའི་ཁྲིམས་སྐྱོང་ཚད་མཐའ་བརྟན་པོར་བཟོས། གྱོད་གཞི་ཞིབ་གཅོད་དང་ཁྲིམས་འཛིན་དྲིལ་སྒྲོག སྐྱེ་ཁམས་ཉམས་གསོ་དང་ཕྱོགས་བསྡུས་བཅོས་སྐྱོང་བཅས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་མ་ལག་བཙུགས་ནས། ཁོར་ཡུག་ཐོན་ཁུངས་ཀྱི་ཁྲིམས་འཛིན་སྲུང་སྐྱོབ་བྱ་བ་ཡག་པོར་སྒྲུབ་པའི་ནུས་པ་དང་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་། ཁྲིམས་འཛིན་དམངས་ཀྱི་ཆེད་ཡིན་པའི་དམིགས་ཡུལ་ལག་བསྟར་བྱས་ཏེ། གཉེན་སྒྲིག་ཁྱིམ་དོན་དང་། རྒྱུན་འཛིན། ཁྱིམ་མཚེས་རྩོད་གླེང་སོགས་ཀྱི་གྱོད་གཞིར་ཞིབ་གཅོད་གང་ལེགས་བྱས་པ་དང་། མི་ལུས་གནོད་འཚེ་དང་སྨན་བཅོས། འགྲིམ་འགྲུལ་དོན་རྐྱེན་སོགས་ཀྱི་རྩོད་གླེང་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱས།
བདེན་སྲུང་གསར་གཏོད་རྒྱུན་འཁྱོངས་བྱས་ཏེ། ཁྲིམས་འཛིན་སྒྲིག་སྲོལ་ཕྱོགས་སྡུས་བཅོས་སྒྱུར་བྱ་བ་གཏིང་ཟབ་ཏུ་སྤེལ་བ་དང་། འབྲེལ་ཡོད་ལམ་ལུགས་བཟོ་བཅོས་དང་འཐུས་ཚང་དུ་བཏང་། ཁྲིམས་དཔོན་ལ་དཔྱད་ཞིབ་བྱས་ཏེ་གྱོད་དོན་སྤུས་ཚད་ཇེ་མཐོར་བཏང་། རིག་སྐྱོང་ཁྲིམས་ཁང་བསྐྲུན་ཏེ་གསར་གཏོད་ལག་ལེན་དང་གཞུང་ལུགས་ཞིབ་འཇུག་ལ་ཤུགས་བསྣན།