ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོས་བརྗོད་དོན་སློབ་གསོ་སྤེལ་བ།
བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་གི་ཐད་གཏོགས་ལས་ཁུངས་སོ་སོས་ལས་དོན་ལ་རྐང་འཛུགས་པ་དང་། མི་དམངས་མང་ཚོགས་ཀྱིས་ནད་སྟོན་དཀའ་བ་དང་ནད་བཅོས་བྱེད་པའི་ཕྱོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། ཁག་ཁུར་དངོས་སྒྲུབ་དང་། ཕྱོགས་བསྡུས་ཇུས་བསྟར་བྱས་ནས། མི་དམངས་མང་ཚོགས་ལ་སྔར་ལས་སྤུས་ལེགས་དང་། ཕན་འབྲས་མཐོ་བ། རྒྱུན་མཐུད་དང་སྟབས་བདེ་བཅས་ཀྱི་བདེ་ཐང་ཞབས་ཞུ་འདོན་སྤྲོད་བྱས་པས། མང་ཚོགས་ཀྱི་བདེ་ཐང་ཐོབ་ཚོར་དངོས་སུ་མཐོ་རུ་བཏང་།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་གསུམ་པས་འཕྲོད་བསྟེན་བྱ་བའི་དཀྱིལ་སྙིང་ལས་འགན་ལ་དམིགས་ཏེ། གྲོང་གསེབ་དུ་སོང་ནས་ནད་བརྟག་པ་དང་སྨན་སྟེར་བ། བརྗོད་དོན་སློབ་གསོ་དངོས་འབེབས་བྱས་ཏེ་ཐོག་མའི་བསམ་འདུན་ལག་བསྟར་བྱས་པར་བལྟ་བ། སེམས་ཁམས་བདེ་ཐང་ལ་སྲུང་སྐྱོབ་བྱས་ཏེ་ཕུགས་འདུན་ཡིད་རྟོན་ཇེ་བརྟན་དུ་གཏོང་བ། དགོངས་པ་སློབ་པ་དང་ལག་ལེན་གཙོར་འཛིན་བྱས་ཏེ་ཁྲིམས་འཇལ་མི་སྣའི་བདེ་ཐང་ལ་དོ་སྣང་བྱེད་པ་སོགས་དམངས་དོན་དོན་དངོས་སྒྲུབ་སྟེ། བརྗོད་དོན་སློབ་གསོ་གཏིང་ཟབ་ས་ནས་ཟབ་སར་སྤེལ།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་བཞི་པས་དམངས་དོན་སྒྲུབ་པའི་བརྒྱུད་རིམ་ཁྲོད། གཅིག་སྡུས་སློབ་སྦྱོང་ཞིབ་སྡུར་དང་། ཏང་གཤིས་བགྲོ་གླེང་ཆེན་མོ། དཔེ་གཞིས་བཅོས་སྒྱུར་ལ་སྐུལ་བའི་བྱེད་ཕྱོགས་འཛུགས་སྐྲུན་གྱི་ཆེན་དོན་བགྲོ་གླེང་ཆེན་མོ་སོགས་དང་ཟུང་སྦྲེལ་བྱས་ཏེ། བྱ་བའི་མི་འདང་ས་དང་གནས་པའི་གནད་དོན་ལ་དུས་ལྟར་གསེད་དཀྲོལ་བྱས་ལ། བྱེད་ཐབས་གཏན་འབེབས་བྱས་ནས་མྱུར་སྒྲུབ་མྱུར་བཅོས་བྱས། མཉམ་དུ་ནགས་བསྐྲུན་བྱེད་པའི་བྱ་འགུལ་སྤེལ་ཏེ། གྲོང་གསེབ་ཀྱི་སྐྱེ་ཁམས་བར་སྟོང་སྲུང་སྐྱོབ་ཉམས་གསོ་བྱེད་པར་སྐུལ་འདེད་བཏང་ནས། འབད་པ་ཆེན་པོས་གྲོང་གསེབ་སྐྱེ་ཁམས་མཉམ་འཛུགས་མཉམ་སྤྱོད་བྱེད་པ་མངོན་འགྱུར་བྱས།
མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་ལྔ་པས་སྒོ་བསྟེན་མྱུར་བརྟག་ཞབས་ཞུ་དང་། སྒོ་བསྟེན་མྱུར་བརྟག་ཞབས་ཞུའི་བརྒྱུད་རིམ་སྟབས་བདེ་རུ་བསྒྱུར་བར་ལུགས་མཐུན་གྱི་བཀོད་སྒྲིག་བྱས་པ་དང་། ཐོ་འགོད་བྱེད་པ་དང་། དངུལ་བསྡུ་བ། སྨན་ལེན་པ་སོགས་ཀྱི་ཞབས་ཞུའི་སྒེའུ་ཁུང་གི་དུས་ཡུན་ཇེ་ཐུང་དུ་བཏང་། གཞིས་ཁུལ་དང་སློབ་གྲྭ། ཕན་བདེ་གླིང་སོགས་སུ་སོང་ནས་ནད་བརྟག་དང་། བདེ་ཐང་འདྲི་རྟོགས། མྱུར་སྐྱོབ་ཤེས་བྱ་ཁྱབ་གདལ། བརྩེ་སེམས་ཕུལ་བ་སོགས་ཀྱི་བྱ་འགུལ་སྤེལ་ནས། འཆམ་མཐུན་གྱིས་སྨན་པ་དང་ནད་པའི་འབྲེལ་བ་བཙུགས།
མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གིས་ཆ་འཕྲིན་ཅན་འཛུགས་སྐྲུན་ཤུགས་དྲག་ཏུ་བཏང་། མཉམ་འབྲེལ་དྲ་བའི་བོད་སྨན་ཁང་གི་ཆ་འཕྲིན་མ་ལག་གསར་འབྱེད་བྱས་ནས། མཉམ་འབྲེལ་དྲ་བ་དང་བོད་སྨན་ཟུང་འབྲེལ་དོན་མཐུན་བྱས་ཏེ། དྲ་ལམ་ནས་ཐོ་འགོད་དང་ནད་བརྟག་པ། ནད་བསྐྱར་བརྟག་བྱེད་པ། བོད་རྒྱ་སྐད་གཉིས་ཀྱི་སྨན་ཐོ་སྟེར་བ། སྨན་རྫས་སྐྱེལ་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་བོའི་སྨན་བཅོས་ཞབས་ཞུ་འདོན་སྤྲོད་བྱས།