ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་གིས་བརྗོད་དོན་སློབ་གསོ་སྤེལ།
ཟླ8པའི་ཚེས7ཉིན། གསར་འགོད་པས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོར་གྲུབ་འབྲས་ལེན་པར་ཤུགས་བསྣན་ནས། ཞིང་ཆེན་ཡོངས་ཀྱི་དམག་མཁོ་འདོན་སྤྲོད་ས་ཚིགས་འཛུགས་སྐྲུན་དེ་ཚད་ལྡན་རང་བཞིན་གྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་པ་དང་། དམག་མཁོ་འདོན་སྤྲོད་ཀྱི་འགན་སྲུང་ནུས་པའི་འཛུགས་སྐྲུན་ཐད་གནས་པའི་ཞན་ཆ་དང་མི་འདང་ས་ལ་ཁ་གཏད་ནས། བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་བྱས་ནས། རྟོག་ཞིབ་ཁྲོད་དུ་དམག་མཁོ་འདོན་སྤྲོད་འགན་སྲུང་ཚད་ལྡན་ཅན་དང་ཚད་གཞི་ཅན་དུ་འཛུགས་སྐྲུན་བྱེད་པའི་འབུར་ཐོན་གནད་དོན་ལ་བལྟ་བཤེར་བྱས་ནས། གནད་དོན་ལ་ཁ་གཏད་ནས་ཇུས་གཞི་བཀོད་དེ། དམག་མཁོ་འདོན་སྤྲོད་ཞབས་ཕྱིའི་འགན་སྲུང་ནུས་པ་སྔར་ལས་མཐོར་འདེགས་སུ་གཏོང་བར་སྐུལ་འདེད་བཏང་།
རྒྱུས་ལོན་པ་ལྟར་ན། ཞིང་ཆེན་དམག་ཁོངས་ལས་ཕྱིར་བུད་པའི་དམག་མིའི་ལས་དོན་ཐིན་གྱིས་དམག་མཁོ་འདོན་སྤྲོད་ས་ཚིགས་ཀྱི་ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་ལ་ཤུགས་སྣོན་པ་དེ་གོ་སྐབས་སུ་བརྩིས་ནས། ཟི་ལིང་དམག་མཁོ་འདོན་སྤྲོད་ས་ཚིགས་ལ་མ་དངུལ་སྒོར་ས་ཡ་བཞི་འབུམ་ལྔ་ཁྲི་དྲུག་བཏང་བ་དང་། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ཚ་འདམ་གཞོང་དམག་མཁོ་འདོན་སྤྲོད་ས་ཚིགས་ཀྱི་རྨང་གཞིའི་སྒྲིག་ཆས་ཇེ་ལེགས་སུ་བཏང་ནས། ཟས་སྐྱེལ་དྲོད་འཛིན་རླངས་འཁོར་དང་། སྔོ་ཚལ་བརྔོ་བྱེད་ཀྱི་གཅིག་བསྡུས་ཅན་གྱི་སླ་ང་། རིག་ནུས་ཅན་གྱི་ཇ་ཁང་གི་སྒྲིག་ཆས་སོགས་མངགས་ཉོ་བྱས་པ་དང་། ཟ་མ་ལས་སྣོན་དང་སྐྱེལ་འདྲེན་རང་འགུལ་ཅན་གྱི་ཆུ་ཚད་དུ་སླེབས་པར་བྱས། སྒྲིག་ཆས་ཆུ་ཚད་མཐོར་འདེགས་དང་། དམག་ས་མཉམ་འདྲེས་ཤུགས་སྣོན། ཇུས་འགོད་སྔོན་ཇུས་ཇེ་ལེགས་སུ་གཏོང་བ། གསར་སྐྲུན་འགན་སྲུང་རྣམ་པ་སོགས་ཕྱོགས་བཅུ་གཉིས་ཐད་བྱ་བའི་རེ་བ་བཏོན་ནས། དམག་མཁོ་འདོན་སྤྲོད་འགན་སྲུང་བྱ་བའི་སྤུས་ཚད་མཐོར་འདེགས་སུ་བཏང་།
དུས་མཉམ་དུ། དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་ཐུན་མོང་གི་དཔྱད་སྡུར་བྱས་ཏེ། དམག་དོན་སྐྱེལ་འདྲེན་གྱིས་དམག་མཁོ་འདོན་སྤྲོད་ས་ཚིགས་ཀྱི་འཛུགས་སྐྲུན་ལ་རེ་བ་གསར་པ་བཏོན་ནས། ཕྱོགས་སོ་སོའི་དམག་མཁོ་འདོན་སྤྲོད་ས་ཚིགས་ཀྱིས་འགན་ཁུར་ལ་ངོས་འཛིན་གང་ལེགས་བྱས་ཤིང་། ཚད་ལྡན་ཅན་དང་ཚད་གཞི་ཅན་གྱི་འཛུགས་སྐྲུན་གྱི་ཡང་དག་ཁ་ཕྱོགས་དམ་འཛིན་ནན་མོ་བྱས་ནས། སྔར་ལས་དྲག་པའི་ཁག་ཁུར་དང་། སྔར་ལས་མཐོ་བའི་ཚད་གཞི་ལ་བརྟེན་ནས། དམག་དཔུང་གི་དམག་འཐབ་གྲ་སྒྲིག་ལ་ཤུགས་ཡོད་ཀྱི་འགན་སྲུང་འདོན་སྤྲོད་བྱས།