ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་བདེ་བླག་ངང་མཇུག་སྒྲིལ་བ།
ཟླ7པའི་ཚེས16ཉིན་གྱི་དགོང་མོར། ཉིས་སྟོང་ཉེར་གསུམ་ལོའི་ཀྲུང་གོའི་ལུས་རྩལ་རྒྱན་ཤོག་སྐབས་ཉེར་གཉིས་པའི་མཚོ་སྐོར་ལྕགས་རྟའི་འགྲན་རྒྱུག་གིས་མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་གྱི་ཝུའུ་ལན་རྫོང་ཚྭ་ཁའི་མཛེས་ལྗོངས་ཨང་དང་པོ་ནས་མཇུག་བསྡུའི་མཛད་སྒོ་དང་བྱ་དགའ་སྟེར་བའི་དགོང་ཚོགས་བསྡུས། ཧྲིན་ཀྲང་གཞོན་པ་ཝང་ཧེ་ཧོང་མཛད་སྒོར་ཞུགས་ཏེ་བྱ་དགའ་བྱིན།
རྒྱུས་ལོན་བྱུང་བ་ལྟར་ན། སྐབས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་མགོ་བརྩམས་པའི་ཚུན་ལ། དུས་ཡུན་ཉིན་བརྒྱད་ཀྱི་འགྲན་སྡུར་ཁྲོད་དུ་གླིང་ཆེན་བཞི་དང་རྒྱལ་ཁབ་བཅུ་གསུམ་ནས་ཡོང་བའི་ཆུ་ཚད་མཐོ་བའི་རུ་ཁག་ཉེར་གཉིས་ཀྱིས་མཛེས་པའི་མཚོ་སྔོན་གྱི་འགྲན་ལམ་སྟེང་མཐུན་སྒྲིལ་འབད་འཐབ་བྱས་ཤིང་། བརྩེ་བ་དང་རྔུལ་ཆུ་ཡིས་སྔར་ལས་མཐོ་བ་དང་སྔར་ལས་མགྱོགས་པ། སྔར་ལས་སྟོབས་ལྡན། སྔར་ལས་མཐུན་སྒྲིལ་བཅས་ཀྱི་ལུས་རྩལ་སྙིང་སྟོབས་རྒྱས་འགྲེལ་བྱས་ཡོད། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་ནི་རང་རྒྱལ་གྱི་ལྕགས་རྟའི་འགྲན་སྡུར་ལས་འགུལ་གྱི་དམིགས་ཚད་ལྟ་བུར་གྱུར་བའི་འགྲན་སྡུར་ཅིག་ཡིན་པ་དང་། མཚོ་སྔོན་དྲིལ་སྒྲོག་བྱེད་པའི་སྒེའུ་ཁུང་གལ་ཆེན་དང་ཀྲུང་གོའི་ལྕགས་རྟའི་མཐུན་ཚོགས་ཀྱིས་གནད་སར་བཟུང་ནས་རོགས་སྐྱོར་བྱེད་པའི་མི་རིགས་ས་ཁུལ་གྱི་འགྲན་སྡུར་ཕུལ་དུ་བྱུང་བ་ཞིག་ཡིན་ལ། སྐབས་འདིའི་འགྲན་སྡུར་ནས་མགོ་རྩོམ་མཇུག་བསྡུའི་མཛད་སྒོ་དང་། འགྲན་རིམ་བརྒྱད་ཀྱི་བརྒྱུད་རིམ་ཧྲིལ་པོ་ཐད་གཏོང་བྱེད་པ་མངོན་འགྱུར་བྱས་ཏེ། སྐྱེ་ཁམས་ཁོར་ཡུག་མཛེས་སྡུག་ལྡན་པ་དང་། མི་དམངས་བདེ་སྐྱིད་དཔལ་ལ་རོལ་བའི་མཛེས་པའི་རི་མོ་ཞིག་ཀུན་གྱི་མིག་ལ་མངོན་པར་བྱས་ནས། མཚོ་སྐོར་ལྕགས་རྟའི་འགྲན་སྡུར་དེ་ལུས་རྩལ་གྱི་སྟོན་ཚོགས་དང་མི་དམངས་ཀྱི་དུས་ཆེན་ལྟ་བུར་གྱུར་ཡོད་པ་མཚོན་ཡོད།
སྐབས་འདིའི་མཚོ་སྐོར་ལྕགས་རྟའི་འགྲན་སྡུར་གྱིས་ལྷད་མེད་དང་མི་གཞུང་། འཆམ་མཐུན། མྱོང་རོལ་བཅས་བརྗོད་སྙིང་དུ་བཟུང་ཡོད་ཅིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་བརྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྐོར་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་གཏིང་ཟབ་ཏུ་ལག་ལེན་མཐར་ཕྱིན་བྱེད་པ་དང་། འགྲན་སྡུར་ལམ་ཐིག་གི་ཇུས་འགོད་དེ་སྐྱེ་ཁམས་གནས་སྐོར་གྱི་མཛེས་ལྗོངས་མང་པོར་ཁེབས་པར་བྱས་ཡོད་ལ། ལྷད་མེད་དང་མཉམ་སྤྱོད། སྒོ་འབྱེད། གྲོན་ཆུང་བཅས་ཀྱི་འགྲན་སྡུར་སྤེལ་བའི་འདུ་ཤེས་མངོན་པར་བྱས་ཏེ། ལུས་རྩལ་བདེ་ཐང་གི་འཚོ་བའི་འདུ་ཤེས་བརྒྱུད་སྒྲོག་དང་དཀའ་སྤྱད་འབད་འཐབ་བྱེད་པའི་ལུས་རྩལ་སྙིང་སྟོབས་དར་སྤེལ་བྱས་ནས། སྣ་མང་ཕུན་སུམ་ཚོགས་པའི་རང་བྱུང་རྣམ་པ་དང་མི་རིགས་གོམས་སྲོལ་མངོན་པའི་ཐད་སྐུལ་འདེད་ཀྱི་ནུས་པ་འདོན་སྤེལ་བྱས་ཡོད།