ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། མཚོ་སྔོན་ཞིང་ཆེན་གཞུང་ལམ་ཅུའུ་ཡིས་མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ་བརྗོད་དོན་སློབ་གསོ་དང་གནད་དོན་དངོས་ཐག་གཅོད་རྒྱུ་ཟུང་འབྲེལ་བྱས་པ་དང་། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པའི་བྱེ་བྲག་གི་བྱ་སྤྱོད་དུ་བསྒྱུར་ཏེ་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བཏང་།
ཞིང་ཆེན་གཞུང་ལམ་ཅུའུ་ཏང་ཨུ་ཡིས་བྱེ་བྲག་གི་ཇུས་གཞི་གཏན་འབེབས་བྱས་ཏེ་ཕྱིར་བཏོན་པ་དང་། གཞི་རིམ་སྡེ་ཁག་ཏུ་ཟབ་ཞུགས་བྱས་ནས་ཞིང་སྡེའི་གཞུང་ལམ་གྱི་ཉེན་ཁ་ཆེ་བའི་ཟམ་པ་བསྒྱུར་བཀོད་སོགས་དམངས་ཚིས་ལས་གཞི་བརྒྱད་ལེགས་སྒྲིག་བྱས་པར་མ་ཟད། དུས་ཚོད་རེའུ་མིག་དང་འགན་འཁྲིའི་མི་སྣ་གཏན་འཁེལ་གསལ་བོ་བྱས་ཏེ་དམངས་ལ་ཞབས་འདེགས་ཞུས་ནས་དངོས་དོན་སྒྲུབ་པའི་བྱ་བར་ཕན་འབྲས་དངོས་ཐོབ་པར་འགན་སྲུང་བྱས།
དེ་མིན། ཞིང་ཆེན་གཞུང་ལམ་ཅུའུ་ཡིས་མཚོ་སྐོར་ལྕགས་རྟ་འགྲན་སྡུར་ལ་གྲ་སྒྲིག་བཟང་བོ་བྱས་ཏེ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་གཞུང་ལམ་གཙོ་བོའི་འགྲམ་གྱི་ཁོར་ཡུག་དག་ཐེར་བཅོས་སྐྱོང་བཟོ་སྐྲུན་གཏིང་ཟབ་ཏུ་སྤེལ། ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་བྱེད་ནུས་འདོན་སྤེལ་གང་སྤེལ་བཟང་བོ་བྱས་ཏེ་ནའོ་མུའུ་ཧུང་དང་མགོ་མང་སོགས་སུ་དམངས་བདེའི་ཞབས་ཞུ་ས་ཚིགས་ལྔ་བཅུ་བཙགས་ཏེ་ཕར་འགྲོ་ཚུལ་འོང་གི་རླངས་འཁོར་ལ་ཇ་དང་འཁོར་སྐྱོད་སྨན་སྒམ། སྟབས་བདེའི་ཞིག་གསོ་བྱེད་ས་སོགས་ལས་རིགས་ཀྱི་ཁྱད་ཆོས་ལྡན་པའི་ཞབས་ཞུ་འདོན་སྤྲོད་བྱས་པར་མ་ཟད། ཞིང་ཆེན་གཞུང་ལམ་ཅུའུ་ཡིས་སྤྱི་ལེ་ལྔ་བརྒྱ་དང་གཉིས་ཀྱི་ཏང་ཡོན་དཔེ་སྟོན་ལམ་གསར་སྐྲུན་བྱས་ཏེ་རང་བྱུང་ཁམས་དང་མཉམ་འདྲེས་དང་ཡུལ་ལྗོངས་མཛེས་པ། ཁྱད་ཆོས་མངོན་གསལ་ལྡན་པ། སྐུལ་ཁྲིད་རང་བཞིན་ཆེ་བ་བཅས་ཀྱི་སྐྱེ་ཁམས་ཡུལ་སྐོར་གཞུང་ལམ་སྐོར་ཞིག་འཛུགས་སྐྲུན་བྱས།