ཟླ6པའི་ཚེས25ཉིན། གསར་འགོད་པས་ཞིང་ཆེན་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གིས་མི་དམངས་དཀྱིལ་སྙིང་དུ་འཛིན་པའི་འདུ་ཤེས་ལག་ལེན་དུ་བསྟར་བ་དེ་བརྗོད་དོན་སློབ་གསོའི་དམངས་དོན་སྒྲུབ་པའི་དམངས་འཚོའི་ལས་གཞིའི་ཁྲོད་བཞག་ནས་རིམ་པ་སོ་སོའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལས་ཁུངས་ཀྱིས་ཚད་དང་ལྡན་པ་དང་གོ་རིམ་ཡོད་པའི་ངང་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་བྱ་བར་སྤེལ་བར་ལྟ་སྐུལ་མཛུབ་སྟོན་བྱས་ནས་ལངས་གཟུགས་ཅན་དང་ཤེས་དཔལ་ཅན། ཚན་ལྡན་ཅན་གྱི་ཁྲིམས་འཛིན་རོགས་སྐྱོབ་མ་ལག་བཙུགས་ནས་ཁྲིམས་འཛིན་དཔེ་གཞིའི་ཁྲོད་ཀྱི་དཀའ་ངལ་ལྡན་པའི་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་ནུས་ལྡན་བྱས།
སྒྲིག་སྲོལ་གཏན་འབེབས་འཐུས་ཚང་དུ་བཏང་ནས་ཚན་རིག་དང་མཐུན་ཞིང་ཚད་ལྡན་གྱི་རོགས་སྐྱོབ་མ་ལག་བཙུགས། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་ཀྱི་སྒྲིག་སྲོལ་ལག་བསྟར་བྱེད་ཐབས་དོན་འཁྱོལ་དངོས་འབེབས་བྱེད་པར་སྐུལ་འདེད་ཤུགས་ཆེན་བཏང་ནས་བཤེར་མཆན་འགོད་པའི་སྒྲིག་རིམ་ཚད་ལྡན་དུ་གཏོང་བ་དང་བཤེར་མཆན་འགོད་པའི་འཁོར་ཡུན་ཇེ་ཐུང་དུ་གཏོང་བ། ལྟ་སྐུལ་མཛུབ་སྟོན་བྱེད་ཐབས་ཇེ་དྲག་ཏུ་བཏང་།
མཐུན་སྦྱོར་རྐྱེན་སྲོལ་གེགས་མེད་ཡོང་བར་བྱས་ནས་འཐུས་སྒོ་ཚང་བའི་རོགས་སྐྱོབ་རྣམ་པ་གྲུབ་པར་བྱས། རིམ་པ་སོ་སོའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་ལ་རོགས་འདེགས་བྱས་ཏེ་འགན་དབང་དང་རང་རྟོགས། རོགས་སྐྱོབ་བཅས་ཀྱི་འདུ་ཤེས་ཇེ་དྲག་ཏུ་བཏང་ནས་སྡེ་ཁག་བར་ཆ་འཕྲིན་མཉམ་སྤྱོད་དང་ཁུངས་སྣེ་བརྗེ་སྤོར། གྱོད་གཞི་རོགས་སྒྲུབ་བྱེད་པ། མཇུག་འབྲས་ཚུར་སྣང་བྱེད་པ་གཞི་གཅིག་ཅན་གྱི་གྱོད་གཞི་སྒྲུབ་པའི་རྐྱེན་སྲོལ་བཙུགས། ཕྱི་ཕྱོགས་ལ་བྱ་བའི་ཐད་ཀྱི་བརྗེ་རེས་མཐུན་སྦྱོར་རྐྱེན་སྲོལ་བཙུགས་པ་དང་ཁྲིམས་འཛིན་རོགས་སྐྱོབ་སྒྲིག་རིམ་དེ་གཞན་དབང་རོགས་སྐྱོབ་ནས་རང་རྟོགས་རོགས་སྐྱོབ་ཏུ་འགྱུར་བར་བྱས།
ཤེས་རབ་ལྡན་པའི་བྱེད་ཐབས་སྤྱད་ནས་ནུས་ལྡན་ཚད་ལྡན་གྱི་རོགས་སྐྱོབ་རྐྱེན་སྲོལ་མངོན་འགྱུར་བྱས། ཞིང་ཆེན་ཡོངས་ཀྱི་སྲིད་ཁྲིམས་ལས་ཁུངས་ཀྱིས་སྡེ་ཁག་བརྒལ་བའི་གཞི་གྲངས་ཆེན་མོའི་གྱོད་གཞི་ཐག་གཅོད་སྟེགས་བུར་བརྟེན་ནས་རོགས་སྐྱོབ་ཆ་འཕྲིན་གྱི་རང་འགུལ་ཐག་གཅོད་དང་རོགས་སྐྱོབ་སྒོར་མོའི་མ་ལག་སྔོན་དཔག རོགས་སྐྱོབ་འཕེལ་རིམ་དུས་ལྟར་འཚོལ་བཤེར་བྱེད་པ། རོགས་སྐྱོབ་གོ་རིམ་ཧྲིལ་བོར་ལྟ་སྐུལ་བྱེད་པ་མངོན་འགྱུར་བྱས།
རོགས་སྐྱོབ་སྦྲེལ་ཐག་རྒྱ་བསྐྱེད་ནས་སྟོབས་དང་ལྡན་པའི་འགན་སྲུང་གི་རོགས་སྐྱོབ་རྣམ་པ་གྲུབ་པར་བྱས། རྒྱལ་ཁབ་ཁྲིམས་འཛིན་རོགས་སྐྱོབ་བྱ་བ་དངོས་འབེབས་བྱེད་པ་དེ་དམངས་དོན་བཟོ་སྐྲུན་གལ་ཆེན་ཞིག་ཏུ་བརྩིས་ཏེ། རོགས་སྐྱོབ་མ་དངུལ་ཀྲུང་དབྱང་དང་། ཞིང་ཆེན་དང་གྲོང་ཁྱེར། རྫོང་གི་ནོར་སྲིད་བཅས་ཀྱིས་སོ་སོར་འགན་སྲུང་བྱེད་པ་དང་རོགས་སྐྱོབ་དཔེ་གཞིའི་ཁྲོད་རིམ་པ་སོ་སོའི་སྲིད་ཁྲིམས་ལས་ཁུངས་ཡོངས་ཁྱབ་ཀྱིས་ཞུགས་པ་དང་དཔེ་གཞི་སྒྲུབ་པའི་ལངས་གཟུགས་ཅན་གྱི་ཁྲིམས་འཛིན་རོགས་སྐྱོབ་ཀྱི་རྣམ་པ་གྲུབ་པར་བྱས།