ཟླ6པའི་ཚེས19ཉིན། ཞིང་ཆེན་དམངས་སྲིད་ཐིང་གི་ལས་བྱེད་མི་སྣས་མཚམས་སྦྱོར་བྱས་པ་ལྟར་ན། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ངས་མང་ཚོགས་ཀྱི་ཆེད་དུ་དོན་དངོས་སྒྲུབ་ཅེས་པའི་བྱ་འགུལ་གྱི་བྱེ་བྲག་གི་བྱ་སྤྱོད་དུ་འགྱུར་བར་བྱེད་ཆེད་དང་། དམངས་སྲིད་ཞབས་འདེགས་ཞུ་ཡུལ་དང་ལྷག་པར་དུ་ལོ་ལོན་རྒན་པ་སྨན་ཁང་དུ་སོང་ནས་སྨན་བཅོས་བྱེད་སྐབས་འཕྲད་པའི་དཀའ་གནད་ལ་དམིགས་ཏེ། ཞིང་ཆེན་དམངས་སྲིད་ཐིན་གྱིས་སྲིད་གཞུང་གི་ཞབས་ཞུ་ཉོ་བའི་བྱེད་ཐབས་བརྒྱུད་དེ་སྤྱི་བའི་ཕན་བདེའི་ལས་དོན་ལ་དགའ་བ་དང་ནད་གཡོག་ཤེས་བྱ་ངེས་ཅན་ལྡན་པ། རིག་ནུས་ཅན་གྱི་སྒྲིག་ཆས་བཀོལ་ཤེས་པ། རྒྱ་བོད་སྐད་གཉིས་ཤེས་པའི་སྤྱི་ཚོགས་བྱ་བའི་ཞབས་ཞུ་མི་སྣ་སུམ་ཅུ་རྩ་འཛུགས་བྱས་ཏེ་མཚོ་སྔོན་ཞིང་ཆེན་མི་དམངས་སྨན་ཁང་དང་མཚོ་སྔོན་ཞིང་ཆེན་ཀྲུང་ལུགས་སྨན་ཁང་། མཚོ་སྔོན་རྒྱ་གྲམ་དམར་པོ་སྨན་ཁང་། མཚོ་སྔོན་སློབ་ཆེན་གྱི་ཁོངས་གཏོགས་སྨན་ཁང་། མཚོ་སྔོན་ཞིང་ཆེན་ཀླད་སྙིང་ཁག་རྩའི་ཆེད་ལས་སྨན་ཁང་བཅས་སུ་སོང་ནས་དམངས་ཕན་སྨན་བཅོས་ཞབས་ཞུའི་བྱ་བ་སྤེལ།
སྤྱི་ཚོགས་བྱ་བའི་ཞབས་ཞུའི་མི་སྣས་ལོ་ལོན་རྒན་པ་དང་ལུས་སྟོབས་ཞན་པ། དབང་བོ་སྐྱོན་ཅན། དེ་མིན་དགོས་མཁོ་ཡོད་པའི་ནད་པ་རྣམས་ཀྱིས་དེང་རབས་རིག་ནུས་ལག་རྩལ་སྒྲིག་ཆས་ཡང་དག་གིས་བཀོལ་བ་དང་། ཨང་རིས་བཤེར་བ་དང་ཐོ་འགོད་བྱེད་པ། རིན་སྤྲོད་པ། སྨན་ལེན་པ། ཞིབ་བཤེར་མཇུག་འབྲས་ལེན་པ་སོགས་ལ་རོགས་བྱེད་པ་དང་། སྨན་ཁང་དུ་ཞག་སྡོད་བྱེད་དགོས་པའི་ནད་པ་དང་ཁྱིམ་བདག་གིས་སྨན་ཁང་དུ་ཞག་སྡོད་དང་སྨན་ཁང་ནས་ཕྱིར་འབུད་པའི་འགྲོ་ལུགས་སྒྲུབ་པར་རོགས་བྱེད་པ་སོགས་བྱེད་རྒྱུ་རེད། ཞབས་ཞུའི་ཚད་ལྡན་རང་བཞིན་ལ་འགན་སྲུང་བྱེད་ཆེད། རོགས་སྐྱོར་བྱེད་ཡུལ་གྱི་སྨན་ཁང་སོ་སོས་ད་རུང་སྤྱི་ཚོགས་བྱ་བའི་ཞབས་ཞུའི་མི་སྣར་ལས་ཞུགས་སྔོན་གྱི་གསོ་སྦྱོང་བྱས།