བརྗོད་དོན་སློབ་གསོ་སྤེལ་བའི་ཚུན་ལ། ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་བརྗོད་དོན་སློབ་གསོ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གཉིས་ནུས་ལྡན་གྱིས་སྦྲེལ་མཐུད་དང་གཅིག་གྱུར་གྱིས་སྐུལ་སྤེལ་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་དེ་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྤྱི་ཡོངས་ཁྲོད་བཞག་སྟེ་འཆར་འགོད་དང་སྐུལ་འདེད་བཏང་བ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་པའི་གསར་སྐྲུན་རང་བཞིན་གྱི་ཆོད་གཏམ་ལ་དམ་དུ་དམིགས་ཏེ་སྤུས་ཚད་མཐོ་བའི་སྒོ་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་ལ་སྐུལ་འདེད་གཏོང་བའི་གྲུབ་འབྲས་དངོས་ཀྱིས་བརྗོད་དོན་སློབ་གསོ་སྤེལ་བའི་གྲུབ་འབྲས་ལ་ཞིབ་བཤེར་བྱས།
ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོར་འཛུགས་རྒྱུ་གཙོ་ཐིག་ཏུ་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། གསོ་སྦྱོང་འཛིན་གྲྭ་དང་ཟུར་ཁྲིད་འཆད་ཁྲིད། སྒྲོག་འགྲེལ་ཚོགས་པ་བཙུགས་ནས་གཞི་རིམ་དུ་སྒྲོག་འགྲེལ་བྱེད་པ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་སློབ་སྦྱོང་གི་འདེགས་སྐྱོར་གསར་སྐྲུན་དང་བྱེད་ཐབས་ཕུན་སུམ་ཇེ་ཚོགས་སུ་བཏང་བ་དང་། བསམ་བློའི་ངོས་འཛིན་གཅིག་བསྡུས་བྱས་ཏེ་རྒྱ་ཆེའི་ལས་བྱེད་པ་དང་མང་ཚོགས་ཀྱིས་ཏང་གི་མི་རིགས་སྲིད་ཇུས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་དང་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱས་པར་མ་ཟད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་རིགས་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་ཆ་ཚང་ཞིང་ཡང་དག་པའི་སྒོ་ནས་རྒྱུས་ལོན་བྱེད་པར་ཁྲིད་སྟོན་བྱས་ཏེ་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁས་ལེན་ལྔའི་འདུ་ཤེས་དང་མཉམ་གནས་བཞིའི་འདུ་ཤེས་སྔར་ལས་སྲ་བརྟན་དུ་བཏང་། མཚོ་སྔོན་ཞིང་ཆེན་གྱི་ལོ་ལྔའི་འཆར་འགོད་བཅུ་བཞི་པའི་སྐབས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལས་དོན་འཆར་འགོད་གཏན་འབེབས་བྱས་ཏེ་ཕྱིར་བཏོན་པ་དང་། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་སྲ་བརྟན་དུ་གཏོང་བའི་དྲིལ་སྒྲོག་སློབ་གསོ་དང་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་རྒྱུན་འཛིན་དར་སྤེལ་གཏོང་བ། མི་རིགས་ལས་དོན་བཅོས་སྐྱོང་གི་ཁྲིམས་སྐྱོང་ཅན་གྱི་ཆུ་ཚད་མཐོར་འདེགས་གཏོང་བ་སོགས་འགུལ་སྐྱོད་བཅུ་དང་། རབ་མཛེས་གྲོང་གསེབ་འཛུགས་སྐྲུན་བྱེད་པ་དང་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ་སོགས་བཟོ་སྐྲུན་གསུམ་ལག་བསྟར་བྱས།
ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་གིས་མི་དམངས་ཀྱི་དཀའ་གནད་ཐག་བཅད་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བརྗོད་དོན་སློབ་གསོའི་གྲུབ་འབྲས་ལ་ལྟ་ཞིབ་བྱེད་པའི་ཚད་གཞི་གཙོ་བོ་བྱས་ནས་འཕེལ་རྒྱས་ཀྱི་གྲུབ་འབྲས་དངོས་ཀྱིས་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་གཏོང་བ་དང་། ཆེད་མཁས་པ་རྩ་འཛུགས་བྱས་ཏེ་མི་རིགས་ས་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་གནད་དོན་གཙོ་བོ་དང་དཀའ་གནད་ལ་རྗེས་འདེད་དབྱེ་ཞིབ་དང་ཞིབ་འཇུག་བྱེད་རྒྱུ་རེད། རྒྱལ་ཁབ་མི་རིགས་ལས་དོན་ཨུ་ཡོན་ལྷན་ཁང་དང་མཐུན་སྦྱོར་བྱེད་པར་ཤུགས་བསྣན་ནས་གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་ལས་འགན་ཐད་ཀྱི་མ་དངུལ་སྒོར་བྱེ་བ་དྲུག་དང་ས་ཡ་དྲུག་འབུམ་ལྔ་བརྩོན་ལེན་བྱས་ནས་མི་རིགས་ས་ཁུལ་གྱི་མི་འདང་ས་ཁ་གསབ་བྱེད་པའི་རྨང་གཞིའི་སྒྲིག་ཆས་ལས་གཞི་ཞེ་གཉིས་དང་མི་རིགས་ལག་རྩལ་བཟོ་ལས་སོགས་ཐོན་ལས་ལས་གཞི་དོན་གསུམ། ཁྱད་ལྡན་གྲོང་སྡེ་སྲུང་སྐྱོང་དང་འཕེལ་རྒྱས་ལས་གཞི་གསུམ་ལག་བསྟར་བྱེད་རྒྱུ་རེད།