བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་གཞུང་ལུགས་སློབ་སྦྱོང་ཤུགས་དྲག་ཏུ་བཏང་ནས་འཕེལ་རྒྱས་ལག་ལེན་ལ་མཛུབ་སྟོན་བྱེད་པ་རྒྱུན་འཁྱོངས་བྱས་པ་དང་། བྱ་བའི་འཇོན་ནུས་ཕྱོགས་ཡོངས་ནས་ཇེ་ཆེར་བཏང་། མང་ཚོགས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། དམངས་ཚིས་གནད་དོན་ཐག་གཅོད་བྱེད་པར་སྐུལ་འདེད་དང་། འབད་པ་ཆེན་པོས་དོན་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁུར་སེལ་རོགས་བྱས།
བཅའ་ཁྲིམས་ཞབས་ཞུ་ལེགས་སྒྱུར་ནན་སྒྲུབ་བྱས། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ཁེ་ལས་ལ་རོགས་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་དཔྱིད་རླུང་འགུལ་སྐྱོད་ཀྱི་བཀོད་སྒྲིག་ནན་ཏན་སྒོས་ལག་བསྟར་དངོས་འབེབས་བྱེད་ཆེད། ཞིང་ཆེན་ཁྲིམས་འཛིན་ཐིང་གིས་ཁྲིམས་རྩོད་ལས་གཉེར་ཁང་ང་གཉིས་བདམས་ནས་ཞིང་ཆེན་ཡོངས་ཀྱི་ཁེ་ལས་ལ་རོགས་སྐྱོར་བྱེད་པ་དང་དྲོད་ཁོལ་སྐྱེལ་བའི་ཁྲིམས་རྩོད་ཚོགས་ཁག་རྩ་འཛུགས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་རོགས་སྐྱོར་ཁེ་ལས་ལ་སྤྱི་ཕན་རང་བཞིན་གྱི་བཅའ་ཁྲིམས་འདྲི་རྟོགས་དང་དོགས་གནད་སེལ་བའི་ཞབས་ཞུ་གང་ལེགས་སྒྲུབ། མིག་སྔའི་བར་དུ། ཆེད་དོན་བཅའ་ཁྲིམས་གསོ་སྦྱོང་བསྡོམས་པས་ཐེངས་ཞེ་ལྔ་སྤེལ་བ་དང་། བཅའ་ཁྲིམས་འདྲི་རྟོགས་བྱེད་པའི་མི་གྲངས་སྟོང་དྲུག་དང་སུམ་བརྒྱ་ལྔ་བཅུར་སླེབས། དེ་ལས་གཞན། ཞིང་ཆེན་ཁྲིམས་འཛིན་ཐིན་གྱིས་ཀྲུང་ཧྥུའུ་ཧྲིན་དབྱིན་ཐཱན་ཚི་སྣའི་ཟི་ལིང་ཚད་ཡོད་ཀུང་ཟི་རུ་ཆེད་དོན་ཁྲིམས་སྐྱོང་དྲིལ་སྒྲོག་བྱ་འགུལ་ཐོག་མ་སྤེལ་བ་དང་། གྱོད་དཔེ་དང་ཁྲིམས་སྲོལ་ཟུང་འབྲེལ། དཔྱད་གླེང་དབྱེ་ཞིབ། ཡུལ་དངོས་ནས་དྲི་བར་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་སྤྱད་པ་བརྒྱུད། ཁེ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་བཅའ་ཁྲིམས་ལ་བརྟེན་ནསཉེན་ཁ་འགོག་པའི་ནུས་པ་དང་། ཁྲིམས་ལྟར་བདག་གཉེར་དོ་དམ་བྱེད་པའི་ཆུ་ཚད་ཇི་ལྟར་ཇེ་མཐོར་གཏོང་བའི་ཐད་ནས་དབྱེ་ཞིབ་དང་འགྲེལ་བཤད་གསལ་བོ་བྱས།
བྱེད་ཐབས་དྲུག་གི་ཡིག་ཚགས་ལས་ནས་རིམ་སྤོར་བྱས། ཞིང་ཆེན་ཡོངས་ཀྱི་གཞུང་དཔང་ལས་རིགས་ཀྱིས་དམངས་ལ་སྟབས་བདེ་བསྐྲུན་པ་དང་། སྤུས་ལེགས་ཕན་འབྲས་མཐོ་བའི་བྱ་བའི་རྩ་དོན་ལྟར། དམངས་ལ་སྟབས་བདེ་བསྐྲུན་པའི་བྱེད་ཐབས་དྲུག་བཏོན་ནས། མི་དམངས་ལ་ཞབས་འདེགས་ཞུ་བའི་སྤུས་ཚད་ཕན་འབྲས་ཕྱོགས་ཡོངས་ནས་མཐོ་རུ་བཏང་། ཐེངས་གཅིག་ལ་སྒྲུབ་པ་དངོས་འབེབས་བྱས་ཏེ། གཞུང་དཔང་ལས་དོན་རེ་ལྔ་སོགས་ཀྱི་རྨང་གཞིའི་སྟེང་། བརྒྱ་ཆའི་བདུན་ཅུའི་ཡན་གྱི་གཞུང་དཔང་ལས་རིགས་ཀྱི་ལས་སྒྲུབ་མྱུར་ཚད་ཇེ་མགྱོགས་སུ་བཏང་། ང་ཡིས་སྒྲུབ་ཅེས་པའི་བྱེད་ཐབས་དངོས་འབེབས་བྱས་ཏེ། རེ་ཞུ་བྱེད་མཁན་གྱིས་འདོན་སྤྲོད་བྱེད་དགོས་པའི་རྒྱུ་ཆ་སྔར་ལས་ཇེ་ཉུང་དུ་བཏང་སྟེ། དྲ་ལམ་འདྲི་རྟོགས་སོགས་ཀྱི་བྱེད་ཐབས་སྤྱད་ནས་བསྡོམས་པས་བདེན་དཔང་སུམ་སྟོང་ལྷག་ཚབ་ལེན་བྱས། ཆད་ལྷག་རྗེས་ནས་ཁ་གསབ་བྱེད་པ་དངོས་འབེབས་བྱས་ཏེ། བཅའ་ཁྲིམས་འབྲེལ་བ་ཡང་དག་དང་། དོན་དག་གསལ་བོ་ཡིན་པ། རྩོད་གཞི་མེད་པའི་གཞུང་དཔང་དོན་ཚན་ཡིན་ན། སྔོན་ལ་རེ་ཞུ་དང་ལེན་བྱས་ནས། ཆད་ལྷག་ཤོར་བའི་རྒྱུ་ཆ་རྗེས་ནས་ཁ་གསབ་བྱས། རིན་མི་ལེན་པར་སྒྲུབ་པ་དངོས་འབེབས་བྱས་ཏེ། འཚོ་བར་དཀའ་ཁག་ཡོད་པའི་དོ་བདག་ལ་གཞུང་དཔང་བཅའ་ཁྲིམས་ཀྱི་རོགས་སྒྲུབ་ཞབས་ཞུ་འདོན་སྤྲོད་བྱས། དྲ་ལམ་ནས་སྒྲུབ་པ་དངོས་འབེབས་བྱས་ཏེ། མཉམ་འབྲེལ་དྲ་བ་དང་གཞུང་དཔང་མཉམ་འབྲེལ་ལ་སྐུལ་འདེད་བཏང་ནས། གཞུང་དཔང་ཞབས་ཞུའི་ཕན་ནུས་སྔར་ལས་ལྷག་པར་ཇེ་ཆེར་བཏང་།
བཙོན་ཁང་གིས་ཕྱོགས་གཉིས་ཀྱི་འབྲེལ་ཟམ་བཙུགས། ཞིང་ཆེན་བཙོན་ཁང་དོ་དམ་ཅུའུ་ཡིས་གོམ་པ་རིམ་བགྲོད་དང་ནང་དོན་ཕུན་སུམ་ཚོགས་པ། གྲུབ་འབྲས་ལ་དོ་སྣང་བྱེད་པ། བདེ་འཇགས་ལ་ཁག་ཐེག་བྱེད་པ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཏེ། བརྗོད་དོན་གྱི་ནང་དོན་གཙོ་བོ་ལྟར། བཙོན་ཁང་ནང་དུ་ལྟ་ཞིབ་དང་། ཁྲིམས་བསྟར་གཟིགས་ཞིབ། བཞུགས་མོལ་བྱེད་པ། སྤྱི་ཚོགས་རོགས་སྒྲུབ་སོགས་ཀྱི་བྱེད་ཐབས་བསྡུ་ལེན་བྱས་ནས། ཡུལ་བབ་དང་བསྟུན་ནས་བཙོན་ཁང་གི་བྱ་འགུལ་སྤེལ། སྤྱི་ཚོགས་ལས་རིགས་ཁག་གི་ལས་དོན་མི་སྣ་གདན་ཞུ་བྱས་ཏེ་ཉེས་ཅན་གྱི་འཚོ་བ་དང་། ངལ་རྩོལ། སློབ་སྦྱོང་ཡུལ་དངོས་སོགས་ལ་ལྟ་ཞིབ་བྱེད་དུ་བཅུག་ལ། སྤྱི་ཚོགས་སྤྱི་ཡོངས་ཀྱིས་ཉེས་ཅན་གྱི་བཅོས་སྒྱུར་འཚོ་བ་དང་། བཙོན་ཁང་གང་གི་ཁྲིམས་བསྟར་དོ་དམ་བྱ་འགུལ་ལ་རྒྱུས་ལོན་བྱས་ནས། བཙོན་ཁང་གིས་ཉེས་ཅན་ལ་སློབ་གསོ་དང་དོ་དམ་བྱེད་པའི་དོན་དངོས་གནས་ཚུལ་ཤེས་སུ་བཅུག་སྟེ། བཙོན་ཁང་དང་སྤྱི་ཚོགས་བར་མཐུན་སྦྱོར་གྱི་འབྲེལ་ཟམ་བཙུགས།