ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤེལ་བའི་མགོ་བརྩམས་པ་ནས་བཟུང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཏང་ཙུའུ་ཡིས་དམངས་ཀྱི་ཆེད་དུ་དོན་དངོས་སྒྲུབ་པ་དེ་བརྗོད་དོན་སློབ་གསོར་ཚད་ལེན་བྱེད་པའི་ནང་དོན་དང་ཐབས་ལམ་དུ་གལ་ཆེན་དུ་བརྩིས་ནས། འཕེལ་རྒྱས་ཀྱི་ཁྱོན་ཡོངས་ལ་དམིགསཏེ། གཞི་རྩའི་དམངས་ཚིས་ལ་དོ་ཁུར་དང་། མང་ཚོགས་ཀྱི་དཀའ་གནད་ལ་སེམས་ཁྲལ་བྱས་ནས། བྱེད་ཐབས་དངོས་ལ་བརྟེན་ནས་དམངས་ཚིས་ཕྱོགས་ཀྱི་རྒྱུགས་ལན་བཟང་བོ་སྤྲད་ཡོད།
ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་དམངས་ཚིས་ཀྱི་བདེ་སྡུག་གཙིགས་སུ་བཟུང་ནས། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་རྒྱང་སྒྲོག་བརྙན་འཕྲིན་གྱི་ལེ་ཚན་གཏོང་བའི་ལས་ཁུངས་དང་དྲ་ལམ་སྨྱན་སྦྱོར་གྱི་གཡུལ་ས་གཙོ་བོའི་བྱེད་ནུས་ཧུར་ཐག་གིས་འདོན་སྤེལ་གང་ལེགས་བྱས་ནས། རྒྱང་སྒྲོག་བརྙན་འཕྲིན་སྤྱི་བའི་ཞབས་ཞུའི་ཆ་སྙོམས་རང་བཞིན་དང་ཚད་ལྡན་རང་བཞིན་གྱི་འཛུགས་སྐྲུན་སྐུལ་སྤེལ་བྱས། ཞིང་ཆེན་ཡོངས་སུ་འཕྲལ་བསྟུན་རྒྱང་སྒྲོག་གི་སྐད་དུང་ཆེན་པོ་ཁྲི་བཞི་དང་སྟོང་དགུ་ལྷག་གི་མཐུན་རྐྱེན་བསྐྲུན་པ་དང་། དྲ་ལམ་དང་ཡུལ་དངོས་ཟུང་འབྲེལ་གྱིས་སྐུལ་སྤེལ་དང་ཤུགས་འདོན་བྱས་ཏེ། རིགས་སོ་སོའི་མང་ཚོགས་ལ་དུས་ཚོད་དང་པོའི་ནང་ཏང་གི་ལམ་ཕྱོགས་སྲིད་ཇུས་དང་ཏང་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་ཇུས་ཆོད་བཀོད་སྒྲིག་གལ་ཆེན་རྒྱུས་ལོན་བྱུང་དུ་བཅུག་ཡོད། རྒྱང་སྒྲོག་བརྙན་འཕྲིན་གྱི་དམངས་ཕན་བཟོ་སྐྲུན་ཤུགས་ཚད་ཆེ་རུ་བཏང་ནས། ཞོན་ཧྭ་དང་ལི་ཏུའུ། ཕིན་ཨན་བཅས་རྫོང་དང་ཆུའུ་གསུམ་ལ་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་འཛུགས་སྐྲུན་བྱེད་བཞིན་ཡོད་ལ། ལས་གཞི་ཡོངས་སུ་འགྲུབ་རྗེས། ཞིང་ཆེན་ཡོངས་ཀྱི་རྫོང་རིམ་པ་ཡན་ལ་འཕྲལ་བསྟུན་རྒྱང་སྒྲོག་མ་ལག་ཡོངས་སུ་ཁེབས་ཚར་པ་རེད། མི་རིགས་ས་ཁུལ་གྱི་དྭངས་གསལ་བརྙན་འཕྲིན་ཁྱབ་སྤེལ་གྱི་ལས་གཞི་ལག་བསྟར་བྱས་ཏེ། ཞིང་ཆེན་ཡོངས་སུ་ཁྱིམ་ཚང་འབུམ་གཅིག་གི་སྐུད་ཡོད་བརྙན་འཕྲིན་དྭངས་གསལ་གཞི་གྲངས་བརྗེ་རེས་ཀྱི་སྒྲིག་ཆས་བརྗེ་བ་དང་། སྲིད་གཞུང་གིས་མངགས་ཉོ་བྱས་ཏེ་ཐད་གཏོང་ལེ་ཚན་འཁོར་སྐར་གྱིས་བསྡུ་ལེན་བྱེད་ཐུབ་པའི་ཞབས་ཞུའི་རྣམ་གྲངས་ལག་བསྟར་བྱས་ནས། ཞིང་འབྲོག་མང་ཚོགས་ཀྱི་སྨྱན་སྦྱོར་ལྟ་ཉན་ཕན་ཁེ་ལ་འགན་སྲུང་བྱས།
མང་ཚོགས་ཀྱི་རེ་འདུན་སྐོང་ཆེད་དུ། ཞིང་ཆེན་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་ཡིས་མི་དམངས་དཀྱིལ་སྙིང་ཡིན་པའི་གསར་རྩོམ་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་བྱས་ནས། རྒྱང་སྒྲོག་བརྙན་འཕྲིན་གྱི་ནང་དོན་སྣ་མང་ཕུན་ཚོགས་ཅན་དུ་བཏང་། གཙོ་བོ་སྐྱེ་ཁམས་ཕྱོགས་ནས་དངོས་བྲིས་ལེ་ཚན《མཚོ་སྔོན། ང་ཚོའི་རྒྱལ་ཁབ་སྤྱི་གླིང་།》ཞེས་པ་དང་། 《ཀྲུང་ཧྭའི་ཆུ་མཛོད་ལ་སྲུང་སྐྱོབ་བྱ》ཞེས་པ། 《མཚོ་སྔོན། མི་དང་རང་བྱུང་ཁམས་ཀྱི་འཆམ་མཐུན་སྤྲོ་གླུ》ཞེས་པ་བཅས་གསར་སྐྲུན་བྱས་ལ། མི་ཆོས་དངོས་བྲིས་ཀྱི་ཕྱོགས་ནས《ང་ཚོ་ཡར་ནས་ཡར་ལ་འགྲོ》ཞེས་པ་དང་། 《མཚོ་སྔོན་དུ་འགྲིམས་པ》ཞེས་པ་སོགས་ཡོད་པ་དང་། དྲ་ལམ་དངོས་ཟིན་གྱི་ཕྱོགས་ནས《འཇགས་པ་མེད་པའི་རྨ་ཆུའི་དབུགས་རྒྱུན》ཅེས་པ་གསར་སྐྲུན་བྱས་ཡོད། དྲ་ལམ་གློག་བརྙན《ཞའོ་ཀའོ་ལིན་གྱི་འཁྲེང་སེམས》ཞེས་པ་དང་། དངོས་ཟིན་གློག་བརྙན《ལིན་ཧུའུ》དང་《རྨ་ཙོང་རིག་གནས》《མཚོ་སྔོན་པོའི་ཚེ་སྲོག་གི་གླུ་སྒྲ》སོགས་གསར་སྐྲུན་བྱེད་པར་ཁྲིད་སྟོན་དང་སྐུལ་སྤེལ་བྱས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་མཐིལ་ཕྱིན་བྱེད། སྐྱོད་ལམ་གསར་བའི་སྟེང་དུ་འབད་པས་བསྐྱོད་ཅེས་པའི་བརྗོད་དོན་དང་བསྟུན་ནས། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤྱི་ཕན་ཚོང་འཕྲིན་འགྲན་སྡུར་དང་རྒྱང་སྐྱོད་གསར་བ། མཚོ་སྔོན་གསར་བ་ཞེས་པའི་བརྙན་ཐུང་འགྲན་སྡུར་སྤེལ་ཏེ། ནུས་ཤུགས་ཡོད་རྒུས་མཚོ་སྔོན་གྱི་གཏམ་རྒྱུད་བཟང་བོར་བཤད་པ་དང་། མཚོ་སྔོན་གྱི་མཚན་སྙན་ཁྱབ་སྤེལ་བྱས་ནས། མཚོ་སྔོན་གསར་བའི་འཛུགས་སྐྲུན་ལ་རོགས་འདེགས་བྱས་ཡོད། བསྒྱུར་སྐྲུན་བྱས་པའི་བརྙན་འཕྲིན་ཟློས་གར་ལ《འབད་འཐབ་ཀྱི་དབྱངས་རྟ》སོགས་ལེའུ་ལྔ་བརྒྱ་དང་བརྒྱད་ཅུ་དང་། གློག་བརྙན《ཆན་ཞུའེ་སིན》སོགས་རིགས་སྣ་སུམ་ཅུ་ལྷག་ཡོད། སྤུས་ཚད་མཐོ་བའི་སྒྱུར་སྐྲུན་བརྩམས་ཆོས་ཀྱིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱི་བསམ་པའི་འཚོ་བའི་ལོངས་སྤྱོད་ཕུན་སུམ་ཇེ་ཚོགས་སུ་བཏང་།
དེ་དང་མཉམ་དུ། ཞིང་ཆེན་རྒྱང་སྒྲོག་མ་ལག་གི་ཁྲུའུ་རིམ་པ་གཞོན་པའི་ཡན་གྱི་མགོ་ཁྲིད་ལས་བྱེད་སོ་ལྔ་ཡིས་འབྲེལ་གནས་གཏན་འཁེལ་གྱིས་ཁེ་ལས་སོ་ལྔ་ལ་དབུལ་སྐྱོར་བྱས་ནས། ཁེ་ལས་ལ་རོགས་སྐྱོར་བྱེད་པའི་དཔྱིད་རླུང་འགུལ་སྐྱོད་སྤེལ། ཡུལ་དངོས་ནས་ཁེ་ལས་ཀྱི་འཕེལ་རྒྱས་གནས་ཚུལ་ལ་རྒྱུས་ལོན་བྱས་ཤིང་། ཁེ་ལས་ཀྱི་རེ་ཞུ་གནད་འཁེལ་དམ་འཛིན་བྱས་ཏེ། ཁེ་ལས་ཀྱི་དཀའ་ཁག་གནད་དོན་ཐོ་འགོད་ཀྱི་ཞབས་འདེགས་ཞུས་པ་དང་། གང་ཐུབ་ཅི་ཐུབ་ཀྱིས་ཁེ་ལས་ལ་རོགས་རམ་བྱས། རྒྱང་སྒྲོག་ལས་རིགས་ཀྱིས་ཁེ་ལས་ཀྱི་དཀའ་ངལ་སེལ་བའི་བྱ་བའི་རྐྱེན་སྲོལ་བཙུགས་པ་དང་། རྒྱང་སྒྲོག་བརྙན་འཕྲིན་གྱི་སྤུས་ལེགས་ལེ་ཚན་གསར་སྐྲུན་གྱིས་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ལས་རིགས་ཀྱི་སྤྱི་བའི་ཞབས་ཞུའི་ཁྱད་སྟོབས་ལ་བརྟེན་ནས། ཁེ་ལས་ལ་རོགས་སྐྱོར་བྱ་བའི་བྱེད་ཐབས་ཞིབ་ཚགས་སུ་བསྒྱུར་བ་དང་། ཧུར་ཐག་གིས་ཁེ་ལས་ལ་དོན་བཟང་དང་དོན་དངོས་བསྒྲུབས།