ཉེ་སྔོན་གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནོར་སྲིད་ཐིང་ནས་རྒྱུས་ལོན་བྱུང་བ་དང་། ཞི་ཅིན་ཕིང་གི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་དང་གཟབ་ནན་སྒོས་སྤེལ་ནས། ནོར་སྲིད་སྡེ་ཁག་གི་ཏང་ཡོན་དང་ལས་བྱེད་པས་ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་བསམ་བློ་གཅིག་གྱུར་དང་འདོད་བློ་གཅིག་གྱུར། བྱ་སྤྱོད་གཅིག་གྱུར་བཅས་བྱེད་པར་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ། སྲུང་སྐྱོང་གཉིས་ལག་བསྟར་བཟང་པོ་བྱ་ཆེད། ཞིང་ཆེན་ནོར་སྲིད་ཐིན་གྱིས་ནོར་སྲིད་སྡེ་ཁག་གིས་སྲིད་ཇུས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་རྗེས་ཕྱོགས་སུ་བརྟག་དཔྱད་ཞིབ་འཇུག་བྱ་བ་བཟང་པོར་བསྒྲུབ་པར་སྐུལ་སློང་དང་བཀོད་སྒྲིག་བྱས་ཏེ། བརྗོད་དོན་སློབ་གསོའི་གྲུབ་འབྲས་དེ་ནོར་སྲིད་བྱ་བའི་ཕན་འབྲས་སུ་བསྒྱུར་བར་ཁག་ཐེག་བྱས།
བསྟུད་མར་ཉིན་འགའི་རིང་ལ། ཞིང་ཆེན་ནོར་སྲིད་ཐིན་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གོ་སྐབས་སུ་བརྩིས་ཏེ། ཞིང་ཆེན་ཏང་ཨུའི་བརྗོད་དོན་སློབ་གསོའི་སྐོར་སྐྱོད་མཛུབ་སྟོན་ཚན་ཁག་གསུམ་པའི་མཛུབ་སྟོན་ནུས་ལྡན་འོག་ཏུ། དཀའ་གནད་སེལ་བའི་ཐབས་ཤེས་རྙེད་པར་བྱེད་རྒྱུ་དེ་རྩ་བའི་རྩ་དོན་དུ་བརྩིས་ནས། ནོར་སྲིད་སྲིད་ཇུས་ཞིབ་འཇུག་དེ་བརྗོད་དོན་སློབ་གསོ་དང་ལས་སྒོ་མཉམ་འདྲེས་ཀྱིས་སྤེལ་བ་དང་། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག་མཉམ་འདྲེས་མཉམ་སྐུལ་བྱེད་པའི་ཐབས་ཤེས་སུ་བྱས་ཏེ། བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་ནས་བསམ་རྒྱ་བསྐྱེད་པ་དང་། ངེས་གནས་ཡང་དག་པར་འཚོལ་བར་གཞུང་ལུགས་ཀྱི་རྨང་གཞི་བརྟན་པོ་བཏིངས་པར་མ་ཟད། ལམ་ལུགས་བཀོད་སྒྲིག་ཐད་ནས་ནོར་སྲིད་སྲིད་ཇུས་ཞིབ་འཇུག་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་། ཐིན་ཏང་ཙུའུ་ཡི་གྲོས་ཚོགས་དང་ཐིན་ཏང་ཙུའུ་ཡི་ལྟེ་གནས་ཚན་ཁག་གི་གཞུང་ལུགས་སློབ་སྦྱོང་སོགས་ལ་བརྟེན་ནས་ནོར་སྲིད་ཞབས་ཞུའི་ཐབས་ཇུས་དོན་འཁྱོལ་བྱེད་པར་ཇུས་འགོད་དང་ཞིབ་འཇུག་ནན་མོ་བྱས་ལ། ཀྲུང་དབྱང་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པ་དང་། རོང་འབྲོག་མང་ཚོགས་ཀྱི་ཡོང་སྒོ་འཕར་བར་བྱེད་པ། གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བ། དངུལ་རྩས་དངོས་ཕུང་དཔལ་འབྱོར་ལ་རྒྱབ་སྐྱོར་བྱེད་པར་ཁྲིད་སྟོན་བྱེད་པ་སོགས་ཀྱི་ཐད་ནས་བརྗེ་རེས་གཏམ་བཤད་ཀྱི་རྒྱུ་ཆ་ཉེར་གཅིག་གྲུབ་པར་བྱས་པ་དེ་ནོར་སྲིད་ཆེ་ཕྱོགས་སྙོམས་སྒྲིག་དང་། ནོར་སྲིད་ཀྱི་འགྲོ་སོང་དང་ཡོང་སྒོ་དོ་དམ། ནོར་ཁྲལ་ལམ་ལུགས་འཛུགས་སྐྱོང་སོགས་གནད་དོན་གཙོ་བོའི་རིགས་ལ་ཁྱབ་ཡོད།
ཐིན་ཏང་ཙུའུ་ཡིས་བརྟག་དཔྱད་ཞིབ་འཇུག་རྒྱ་ཆེར་སྤེལ་བའི་བྱ་བའི་བཀོད་སྒྲིག་བྱས་ཏེ། ནོར་སྲིད་འགན་འཁྲི་དང་ཟུང་སྦྲེལ་དམ་པོས་གནད་དོན་གཅིག་འདོན་པ་དང་གནད་དོན་གཅིག་ཐག་གཅོད་པ། གྲུབ་འབྲས་གཅིག་བརྩོན་ལེན་བྱེད་པ་བཅས་ཀྱི་རྩ་བའི་རེ་བ་བཏོན་ནས། མྱུར་བ་མྱུར་དུ་གཞི་རིམ་ནས་བརྟག་དཔྱད་ཞིབ་འཇུག་སྤེལ་བ་དང་། སྲིད་ཇུས་ཀྱི་ཁ་ཕྱོགས་དང་ནོར་སྲིད་ཀྱི་ནུས་པ། མང་ཚོགས་ཀྱི་རེ་སྒུག་བཅས་ལ་གཅིག་འདོམས་བཟང་པོ་དང་ཞིབ་འཇུག་ཟབ་མོ་བྱས་ཏེ། ཞིབ་འཇུག་གྲུབ་འབྲས་ཀྱི་སྤུས་ཚད་དང་ཕན་འབྲས། ཁ་གཏད་རང་བཞིན། རིན་ཐང་རང་བཞིན་བཅས་ཇེ་ཆེར་བཏང་། ཞིང་ཆེན་གྱི་དོན་དངོས་དང་སྦྲེལ་ནས། རང་ཞིང་གི་དངོས་ཡོད་དཀའ་ངལ་ཐག་གཅོད་པར་སྲིད་ཇུས་ཀྱི་གཞི་འཛིན་ས་འདོན་སྤྲོད་བྱས་པ་དང་། ས་ཁོངས་ཀྱི་ཁྱད་ཆོས་དང་ཁྱད་སྟོབས་ཡང་དག་པར་བཙལ་ནས། ཀྲུང་དབྱང་གི་རྒྱབ་སྐྱོར་བརྩོན་ལེན་བྱེད་པའི་ནུས་ལྡན་ཐབས་ལམ་འབད་པས་བསྐྲུན་ཏེ། ཏན་ཏིག་གི་བྱ་བར་བརྟེན་ནས་ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་བྱས།