ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་བ།
ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བརྗོད་དོན་སློབ་གསོ་སྤུས་ཚད་མཐོན་པོས་སྤེལ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གཙོ་བོར་བརྩིས་ནས། ཐོས་བསམ་སྤྱོད་གསུམ་ཟུང་འབྲེལ་དང་ཤེས་དད་སྦྱོར་གསུམ་གཅིག་གྱུར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཁྲོད་ནས་བློ་གྲོས་དང་ཉམས་མྱོང་རྒྱུན་མ་ཆད་པར་བསྡུ་ལེན་བྱས་པ་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་ཕུགས་བསམ་ཇེ་བརྟན་དུ་གཏོང་བ་དང་། ཏང་གཤིས་སྦྱོང་བརྡར་བྱེད་པ། ལག་ལེན་ལ་མཛུབ་སྟོན་བྱེད་པ། བྱ་བར་སྐུལ་འདེད་གཏོང་བ་བཅས་ཀྱི་སྟོབས་ཤུགས་ཆེན་པོར་བསྒྱུར་བར་འབད་བརྩོན་བྱས།
ཏང་ཡོངས་སུ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་ནི། ཏང་ཀྲུང་དབྱང་གིས་ཏང་གི་ཚོགས་ཆེན་ཉི་ཤུ་པའི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ་དང་། ཏང་ཡོངས་ཀྱི་བློ་མཐུན་གྱིས་ཏང་གི་ལས་འགན་གཙོ་བོ་ཡོངས་འགྲུབ་བྱེད་ཆེད་འབད་འཐབ་ལྷོད་མེད་བྱེད་པར་སྐུལ་སློང་བྱེད་པའི་བཀོད་སྒྲིག་གལ་ཆེན་ཞིག་ཡིན་ལ། དུས་རབས་གསར་པའི་ཏང་གི་འཛུགས་སྐྲུན་གྱི་རླབས་ཆེན་བཟོ་སྐྲུན་གསར་པ་གཏིང་ཟབ་ཏུ་སྤེལ་བའི་བཀོད་སྒྲིག་གལ་ཆེན་རེད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པའི་ཚན་རིག་གི་མ་ལག་དང་དགོངས་དོན་གྱི་སྙིང་བོ། ལག་ལེན་གྱི་བླང་བྱ་བཅས་ལ་ཕྱོགས་ཡོངས་ནས་སློབ་སྦྱོང་བྱས་ཏེ་གོ་བ་བླངས།
གཞུང་ལུགས་ཀྱི་རིན་ཐང་ནི་ལག་ལེན་གྱི་སྟེང་དུ་ཡོད། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱིས་བརྟག་དཔྱད་ཞིབ་འཇུག་བྱེད་རྒྱུ་དེ་བརྗོད་དོན་སློབ་གསོའི་ནང་དོན་གལ་ཆེན་དུ་བརྩིས་ཏེ། གནད་དོན་གྱི་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་ལག་བསྟར་དོན་འཁྱོལ་ཁྲོད་ཀྱི་ཁེགས་ས་དང་དཀའ་ས་ཧུར་ཐག་གིས་སེལ་ནས། མང་ཚོགས་ཀྱི་ཐོབ་ཚོར་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་བཏང་། བསྟུད་མར་ཉིན་འགའི་རིང་ལ། ཞིང་ལས་ཞིང་སྡེ་པུའུ་དང་རྒྱལ་ཁབ་ཁྲལ་དོན་སྤྱི་ཁྱབ་ཅུའུ་སོགས་སྡེ་ཁག་གི་ལས་དོན་པ་ཨན་ཧོས་དང་ཧྲན་ཞི། ཧི་ནན་སོགས་ས་ཆར་སོང་ནས། ཚད་གཞི་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་ཁྲལ་རིན་གཟིགས་སྐྱོང་སྲིད་ཇུས་སོགས་གནད་དོན་གཙོ་བོར་དམིགས་ནས་བརྟག་དཔྱད་ཞིབ་འཇུག་བྱས།
བརྗོད་དོན་སློབ་གསོའི་ཁྲོད་དུ། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པས་རྒྱུན་འཁྱོངས་ལྷོད་མེད་སྒོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པས་བློ་སྒྲིལ་སེམས་སྐྱེད་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཞེས་པའི་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ལས་འགན་གཙོ་བོ་འདི་ལ་དམ་དུ་དམིགས་ནས། དངོས་འཛིན་དངོས་སྒྲུབ་བྱས་ཏེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཕན་འབྲས་གསར་པ་ལེན་པར་སྐུལ་འདེད་བཏང་།