ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཟབ་སྤེལ་བྱས་ནས་བློ་སེམས་བསྐྱེད་དེ་ལས་སྒྲུབ་ལས་སྐྲུན་ལ་སྒུལ་ཤུགས་ཆེན་པོ་མཁོ་འདོན་བྱེད་པ།
རྒྱལ་ཡོངས་ཀྱི་ས་གནས་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་ནས། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་བརྗོད་དོན་སློབ་གསོའི་ཁྲོད་བསམ་བློའི་ཟིལ་ཤུགས་ཚོར་བར་བྱེད་པ་དང་འབད་འབུངས་ལྷོད་མེད་སྒོས་སྟོབས་ཤུགས་གཅིག་སྡུད་ཡོང་བར་བྱེད་བཞིན་ཡོད།
ཐེན་ཅིན་གྲོང་ཁྱེར་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བའི་ལས་དོན་ཁྲོད། མགོ་ཁྲིད་ལས་བྱེད་པས་དཔེ་ཀློག་འཛིན་གྲྭ་གཉེར་བ་དང་། གྲོང་ཁྱེར་ཏང་ཨུའི་མགོ་ཁྲིད་ཀྱིས་ཀུན་གྱི་སྣེ་ཁྲིད་དེ་སློབ་སྦྱོང་དང་ཀུན་གྱི་སྣེ་ཁྲིད་དེ་གཏམ་བཤད་བྱས་ལ། གཅིག་བསྡུས་སྒོས་སློབ་སྦྱོང་དང་བགྲོ་གླེང་བརྗེ་རེས་སོགས་བྱེད་ཐབས་སྣ་ཚོགས་ལ་བརྟེན་ནས། བསམ་བློ་མང་ཙམ་གཏོང་བ་དང་སློབ་སྦྱོང་གཏིང་ཟབ་དང་གོ་བ་ཟབ་མོ་ལེན་རྒྱུ་རྒྱུན་འཁྱོངས་བྱས། དུས་མཚུངས་སུ། ཐེན་ཅིན་གྱིས་ད་དུང་པེ་ཅིང་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་འཕེལ་རྒྱས་དང་ཚན་སློབ་ལ་བརྟེན་ནས་འཇོན་མིའི་སྟོབས་ལྡན་གྲོང་ཁྱེར་བསྐྲུན་པ་སོགས་ཀྱི་བྱེད་སྒོ་ཁག་བཅུ་ལ་སྐུལ་འདེད་གཏོང་རྒྱུ་དེ་ལག་ལེན་བྱེད་ཐབས་གལ་ཆེན་དུ་བརྩིས་ནས་བརྗོད་དོན་སློབ་གསོ་གཏིང་ཟབ་དང་ནན་ཏན་ངང་སྤེལ་རྒྱུར་སྐུལ་འདེད་བཏང་།
ཀོས་ཀྲིག་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་གཏིང་ཟབ་ཏུ་སྤེལ་བ་དང་། ཆེད་དོན་བྱ་བའི་ཚོགས་འདུ་དང་དཔེ་ཀློག་འཛིན་གྲྭའི་ཆེད་དོན་ཟུར་ཁྲིད་སོགས་བྱེད་ཐབས་སྣ་ཚོགས་བརྒྱུད་དེ། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་དགོངས་པ་སློབ་སྦྱོང་དང་རང་ངོས་ནས་ལག་བསྟར་ཐུབ་པར་སློབ་གསོ་བཏང་བ་དང་ཁྲིད་སྟོན་བྱས། ཀོས་ཀྲིག་གིས་དབུལ་ཐར་མཁྲེགས་གཏོར་གྱི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་བཏང་ནས། གྲོང་གསེབ་དར་སྤེལ་གཏོང་རྒྱུ་དང་གཞི་གྲངས་དཔལ་འབྱོར་འཐབ་ཇུས་ལག་བསྟར་བྱེད་པ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སོགས་ཀྱི་ཐད་དཀའ་གནད་སེལ་བ་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུར་ཤུགས་བསྣན་ནས། དོན་དངོས་སྒྲུབ་པ་དང་དམངས་ཀྱི་སེམས་ཁྲལ་སེལ་གྱིན་ཡོད།
ལེའོ་ཉིང་ཞིང་ཆེན་གྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་དང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོ་ཕྱོགས་ཡོངས་ནས་སྤེལ་མགོ་བརྩམས་པ་དང་། ཞིང་ཆེན་ཏང་ཨུའི་དཔེ་ཀློག་འཛིན་གྲྭའི་ཉིན་མོ་ཐོག་མ་ཉིན་འགའི་སྔོན་ལ་ཧྲིན་དབྱང་དུ་བསྡུས་ལ། ཏང་ཡོན་ལས་བྱེད་པས《ཞི་ཅིན་ཕིང་གི་གསུང་རྩོམ་འདེམས་ཀློག》སོགས་ཞིབ་ཀློག་ནན་ཏན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་རྒྱས་བཤད་གལ་ཆེན་ལ་སློབ་སྦྱོང་བྱས་ནས་གོ་བ་གཏིང་ཟབ་བླངས་པ་དང་། ཏང་གི་གསར་གཏོད་ གཞུང་ལུགས་ལ་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ལེའོ་ཉིང་གི་ལག་ལེན་ལ་མཛུབ་སྟོན་བྱས།
ཉེ་ལམ། ཧི་ནན་ཞིང་ཆེན་གྱིས་་གྲོས་ཚོགས་བསྡུས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་སློབ་སྦྱོང་ལག་བསྟར་བྱེད་པའི་བརྗོད་དོན་སློབ་གསོའི་ཐད་སྐུལ་སློང་དང་བཀོད་སྒྲིག་བྱས་པ་དང་། གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག འཕེལ་རྒྱས་ལ་སྐུལ་འདེད། ལྟ་ཞིབ་དག་ཐེར་སོགས་ཀྱི་ཆེད་དོན་ཇུས་གཞི་དང་གཙོ་གནད་བྱེད་ཐབས་ཀྱི་བྱ་བའི་གསལ་ཁྲ་བཟོས་པར་མ་ཟད། སྐོར་སྐྱོད་མཛུབ་སྟོན་ཚན་ཆུང་བཞི་བཅུ་བཙུགས་ནས། སྐོར་ཐེངས་དང་པོའི་བརྗོད་དོན་སློབ་གསོའི་ཁྲོད་ཞུགས་པའི་ལས་ཁུངས་བརྒྱ་དང་དྲུག་ཅུར་ལྟ་སྐུལ་མཛུབ་སྟོན་བྱས།