ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི་གཞོན་པ། ཀྲུའུ་རིན་གཞོན་པ་ཉི་མ་སྒྲོལ་མས་ཟླ4པའི་ཚེས7ཉིན་རུ་ཁག་ཁྲིད་དེ་ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་དང་འབྲེལ་ཡོད་གྲོང་ཁུལ་དུ་སོང་ནས་ནར་སོན་མེད་པའི་མིའི་ཞིབ་དཔྱོད་བྱ་བར་རྟོག་ཞིབ་བྱས། བཞུགས་མོལ་ཚོགས་འདུའི་སྟེང་འབྲེལ་ཡོད་ཕྱོགས་ཀྱི་བྱ་བའི་སྙན་ཞུར་ཉན་པ་དང་། ནར་སོན་མེད་པའི་མིའི་སྲུང་སྐྱོང་མཁན་དང་མཉམ་དུ་བརྗེ་རེས་བྱས། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གིས་མཉམ་དུ་རྟོག་ཞིབ་བྱས།
རྟོག་ཞིབ་བྱེད་སྐབས་ཉི་མ་སྒྲོལ་མས་རང་ཞིང་གི་ནར་སོན་མེད་པའི་མིའི་ཞིབ་དཔྱོད་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས། ཁོ་མོས་བསྟན་དོན། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གིས་ཞི་ཅི་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་བྱས་ཤིང་། ཏང་ཀྲུང་དབྱང་གི་ཇུས་ཆོད་དང་ཞིང་ཆེན་ཏང་ཨུའི་བཀོད་སྒྲིག་མཐའ་གཅིག་ཏུ་ལག་ལེན་དངོས་འབེབས་བྱས་པ་དང་། ཧུར་ཐག་སྒོས་ཆེས་མཐོའི་ཞིབ་དཔྱོད་ཁང་གི་བྱ་བའི་བཀོད་སྒྲིག་དངོས་འབེབས་བྱས་ནས། ནན་ཏན་གྱིས་ནར་སོན་མེད་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་དང་ནར་སོན་མེད་པའི་མིའི་ནག་ཉེས་སྔོན་འགོག་བཅའ་ཁྲིམས། ཁྱིམ་ཚང་གི་སློབ་གསོའི་སྐུལ་འདེད་བཅའ་ཁྲིམས་བཅས་ལག་བསྟར་བྱེད་པ་དང་། ཞིབ་དཔྱོད་ཆེན་མོ་བཞིའི་མཉམ་འབྲེལ་འགུལ་སྐྱོད་རྒྱུན་འཁྱོངས་དང་སྲུང་སྐྱོང་ཆེན་མོ་དྲུག་གི་མཉམ་འདྲེས་ལ་སྐུལ་འདེད་བཏང་ནས། ནར་སོན་མེད་པའི་མིའི་གྱོད་དོན་ཐག་གཅོད་ཀྱི་སྤུས་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱེད་དགོས་ཟེར།
ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། ནར་སོན་མེད་པའི་མིའི་ཞིབ་དཔྱོད་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པ་ནི་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་ལེན་དངོས་འབེབས་བྱེད་པའི་དགོས་ངེས་ཀྱི་རེ་བ་ཡིན་པ་དང་། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་དགོངས་པ་རྒྱུན་འཁྱོངས་བྱེད་པའི་བྱེ་བྲག་གི་ལག་ལེན་ཡིན་ལ། ཞིབ་དཔྱོད་ལས་ཁུངས་ཀྱིས་ཕྱོགས་ཡོངས་ནས་ཁྲིམས་བཅད་ཀྱི་འགན་འཁྲི་ལག་བསྟར་བྱེད་པའི་ཐབས་ལམ་གལ་ཆེན་ཞིག་ཀྱང་ཡིན་ཟེར།
རིམ་པ་སོ་སོའི་ཞིབ་དཔྱོད་ལས་ཁུངས་ཀྱིས་བཅའ་ཁྲིམས་ལྟ་རྟོག་ལ་ཤུགས་སྣོན་པ་དང་ཡང་དག་པའི་སྒོ་ནས་སྔོན་འགོག་དང་སྲུང་སྐྱོང་། རོགས་སྐྱོར། ཆད་གཅོད་བཅས་བྱེད་ནུས་བཞི་དམ་འཛིན་གང་ལེགས་བྱས་ཤིང་། ནར་སོན་མེད་པའི་མིའི་སྲུང་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་སྟེ། ནར་སོན་མེད་པའི་མིའི་ཁྲིམས་འཛིན་ཕྱོགས་བསྡུས་སྲུང་སྐྱོང་མ་ལག་ལ་འཛུགས་སྐྲུན་བྱེད་པ་དང་ནར་སོན་མེད་པའི་མིའི་སྲུང་སྐྱོང་རྣམ་པ་ཆགས་པར་བྱེད་དགོས། ལས་ཁུངས་སོ་སོས་ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་། ཧུར་ཐག་སྒོས་ཞིབ་དཔྱོད་ལས་ཁུངས་ཀྱིས་ནར་སོན་མེད་པའི་མིའི་ཞིབ་དཔྱོད་བྱ་བ་སྤེལ་བར་རྒྱབ་སྐྱོར་དང་རམ་འདེགས་བྱས་ནས། ནར་སོན་མེད་པའི་མི་བདེ་ཐང་ངང་འཚར་ལོངས་འབྱུང་བའི་སྤྱི་ཚོགས་ཀྱི་འགན་འཁྲི་ལག་བསྟར་གང་ལེགས་བྱེད་དགོས་ཟེར།