མཚོ་སྔོན་ཞིང་ཆེན་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་རིགས་ཁྲིམས་འགལ་གྱིས་ཉོ་ཚོང་བྱེད་པར་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད།
ཟླ3པའི་ཚེས27ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ནགས་ལས་དང་རྩྭ་ས་ཅུའུ་ནས་རྒྱུས་ལོན་བྱུང་བ་ལྟར་ན། རྒྱལ་ཁབ་ནགས་རྩྭ་ཅུའུ་དང་ཞིང་ལས་ཞིང་སྡེ་སྡེ་ཁག་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཅུ་གཅིག་གིས་གཅིག་གྱུར་བཀོད་སྒྲིག་བྱས་པ་ལྟར། ཉེ་ལམ། ཞིང་ཆེན་ནགས་རྩྭ་ཅུའུ་ཡིས་སྣེ་ཁྲིད་དེ། ཞིང་ཆེན་ཞིང་ལས་ཞིང་སྡེ་ཐིན་དང་། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། ཞིང་ཆེན་ཏང་ཨུའི་ཆ་འཕྲིན་དྲ་བའི་གཞུང་སྒྲུབ་ཁང་། ཞིང་ཆེན་སྤྱི་བདེ་ཐིང་། ཟི་ལིང་སྒོ་ཁྲལ་ལས་ཁུངས། ཞིང་ཆེན་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་། ཞིང་ཆེན་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུའུ། དམངས་འགྲུལ་མཚོ་སྔོན་ལྟ་སྐུལ་དོ་དམ་ཅུའུ། ཞིང་ཆེན་སྦྲགས་སྲིད་དོ་དམ་ཅུའུ། ཀྲུང་གོ་ལྕགས་ལམ་མཚོ་བོད་སྡེ་ཚོགས་ཚད་ཡོད་ཀུང་སི་སོགས་དང་མཉམ་འབྲེལ་བྱས་ཏེ། དུས་ཡུན་ཟླ་གསུམ་རིང་གི2023ལོའི་ངན་སེལ་འགུལ་སྐྱོད་ཅེས་པ་དངོས་སུ་སྤེལ་ནས། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ལ་གཏོར་བརླགས་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་རྒྱུ་རེད།
སྡེ་ཁག་སོ་སོས་མཉམ་འབྲེལ་སྒོས་འགུལ་སྐྱོད་སྤེལ་ཏེ་འགན་འཁྲི་དང་ལས་བགོས་སྔར་ལས་ཁ་གསལ་བཟོས་པ་དང་། སྡེ་ཁག་བར་གྱི་མཉམ་ལས་ཇེ་དྲག་ཏུ་བཏང་ལ། འབད་པ་ཆེན་པོས་ཁྲིམས་བསྟར་མཉམ་ཤུགས་གྲུབ་པར་བྱས། འགུལ་སྐྱོད་སྤེལ་སྐབས་འཐབ་ཡུལ་དང་པོའི་ཁྲིམས་བསྟར་མི་སྣས་ཁྲིམས་འགལ་གྱིས་རྔོན་རྒྱག་པ་དང་། ཕྱིར་འཚོང་། ཉོ་སྒྲུབ། བེད་སྤྱོད། ཁ་ཟས་སུ་བྱེད་པ། སྐྱེལ་འདྲེན་བྱེད་པ། ཞོར་དུ་འཁྱེར་བ་དང་། སྐུར་སྐྱེལ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དང་དེའི་སྐོར་གྱི་དངོས་རྫས་ཕྱིར་གཏོང་ནང་འདྲེན་བྱེད་པའི་བྱ་འགུལ་ལ་རྡུང་རྡེག་གཏོང་བ་དང་། དྲ་ལམ་སྟེགས་བུ་དང་ཚོང་ཁང་སོགས་གོ་རིམ་མང་པོ་དང་། མུ་འབྲེལ་ཡོངས་ཀྱི་ལྟ་སྐུལ་དོ་དམ་བྱེད་རྒྱུ་རེད། རྒྱལ་ཁབ་གཙོ་གནད་སྲུང་སྐྱོབ་ཁྲོད་ཀྱི་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་དང་ཡང་ན་ཕྱི་ཡོང་བྱ་སོགས་ཀྱི་ཕྱོགས་ནས་ཁྲིམས་ལྟར་རྩད་ཞིབ་ནན་མོ་བྱེད་རྒྱུ་རེད། འགུལ་སྐྱོད་ཀྱིས་སྡེ་བའི་རིམ་པ་གཉིས་པའི་ནགས་དཔོན་དང་སྐྱེ་ཁམས་ནགས་སྲུང་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། རི་ཀླུང་ནགས་གསེང་ལ་གཙང་བཤེར་བྱེད་པ་དང་སྐོར་ཞིབ་ལས་རེས་བྱ་འགུལ་སྤེལ་ནས། ཁྲིམས་འགལ་ལྐོག་རྔོན་བྱ་འགུལ་དུས་ལྟར་ཤེས་རྟོགས་དང་སྙན་ཞུ། བཀག་འགོག་བཅས་བྱེད་རྒྱུ་ཡིན་ལ། རྣམ་པ་སྣ་མང་དང་ཐབས་ལམ་མང་པོ་སྤྱད་དེ་མང་ཚོགས་ཀྱི་ཞུ་གཏུག་བྱེད་པ་དང་བཀག་འགོག་བྱེད་པ། རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་ཁུངས་ལ་གཏོར་བརླགས་གཏོང་བའི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་བཀག་འགོག་བྱེད་པར་སྐུལ་མ་གཏོང་དགོས། མང་ཚོགས་ཁྲོད་དུ་འབྲེལ་ཡོད་བཅའ་ཁྲིམས་ཤེས་བྱ་ཁྱབ་བརྡལ་དུ་གཏོང་བ་དང་། རྒྱ་ཆེའི་སྤྱི་དམངས་ཀྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་སྲུང་སྐྱོབ་བྱེད་པའི་འདུ་ཤེས་དང་ཁྲིམས་སྲུང་འདུ་ཤེས་ཇེ་དྲག་ཏུ་གཏོང་རྒྱུ་རེད། དུས་མཉམ་དུ། མཉམ་འབྲེལ་འགུལ་སྐྱོད་ཀྱི་ཁོངས་གཏོགས་ལས་ཁུངས་བརྒྱད་ཀྱིས་རུ་ཁག་སོ་སོར་སྣེ་ཁྲིད་དེ་གྲོང་ཁྱེར་དང་ཁུལ་བརྒྱད་དུ2023ལོའི་ངན་སེལ་འགུལ་སྐྱོད་སྤེལ་བའི་གནས་ཚུལ་ཐད་ནས་ཆེད་དོན་ལྟ་སྐུལ་ཞིབ་བཤེར་ཐེངས་གཉིས་ལ་བྱེད་རྒྱུ་རེད།