ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་པ།
ཟླ3པའི་ཚེས15ཉིན། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་རྨ་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིག་ཐུང་ཏི་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་རྒྱུན་འཁྱོངས་དང་། ཞི་ཅིན་ཕིང་གི་རྨ་ཆུའི་བཞུར་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཐད་ཀྱི་མཛུབ་སྟོན་དགོངས་དོན་གལ་ཆེན་མཛུབ་སྟོན་དུ་བྱས་ཏེ། སྐྱེ་ཁམས་སྲུང་སྐྱོབ་ཀྱི་ཆབ་སྲིད་ལས་འགན་གལ་ཆེན་མཐའ་གཅིག་ཏུ་ཕྲག་ལ་འཁུར་ནས། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ལམ་ལུགས་དགེ་མཚན་དེ་བཅོས་སྐྱོང་ཕན་འབྲས་སུ་བསྒྱུར་ནས། རྨ་ཆུ་སྔོ་ཞིང་དྭངས་ལ། མི་དམངས་བདེ་ཞིང་སྐྱིད་པ། ཁོར་ཡུག་མཛེས་ཤིང་སྡུག་པ་བཅས་ཀྱི་དུས་རབས་ཀྱི་མཚར་སྡུག་བསྐྲུན་དགོས།
ལིག་ཐུང་ཏི་ཡིས་བསྟན་དོན། རང་ཞིང་ནི་རྨ་ཆུའི་མགོ་ཁུངས་དང་གཞུང་རྒྱུན་ཁུལ་ཡིན། རྨ་ཆུའི་བཞུར་རྒྱུད་ཀྱི་ཆུའི་ཐོན་ཁུངས་ཀྱི་རྒྱུན་མཐུད་གསར་སྤེལ་བེད་སྤྱོད་ཐད་ཐག་གཅོད་རང་བཞིན་གྱི་ཤུགས་རྐྱེན་ལྡན། ཆུའི་གནས་ཚུལ་དམིགས་བསལ་ཡིན་ལ། འགན་འཁུར་ལྕི་བར་མ་ཟད། ལས་འགན་གཟི་བརྗིད་ལྡན། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པ་དེར་དོན་སྙིང་གལ་ཆེན་ལྡན་ལ་ཤུགས་རྐྱེན་ཆེན་པོ་ཐེབས་སྲིད་པས། ཆོད་སེམས་དང་ནུས་ཤུགས། བྱེད་ཐབས་བཅས་ཆེ་རུ་བཏང་ནས། བཅའ་ཁྲིམས་ཀྱི་ཕན་ནུས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་དགོས།
ལིག་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། བཅའ་ཁྲིམས་ཀྱི་དོན་ཚན་དང་ཐོ་གཏུག་ནས། གཏན་འབེབས་རེ་རེ་གཟབ་ནན་གྱིས་ལག་བསྟར་བྱེད་པ་དང་། རང་སྟེང་གི་ཁྲིམས་བཀོད་འགན་ནུས་ལག་བསྟར་ཞིབ་མོ་བྱེད་དགོས། གཙོ་བོ་དམ་འཛིན་གནད་འཁེལ་བྱེད་པ་དང་། ས་ཆུའི་སྲུང་སྐྱོང་འབུར་ཐོན་གོ་གནས་སུ་བཞག་ནས། ཆུའི་འབག་བཙོག་བཅོས་སྐྱོང་དང་ཆུ་གྲོན་ཆུང་བྱེད་པ། སྐྱེ་ཁམས་སྲུང་སྐྱོང་གི་བཅོས་སྐྱོང་སླར་གསོ་ཤུགས་དྲག་ཏུ་བཏང་ནས། ཐོན་སྐྱེད་འཚོ་བའི་རྣམ་པ་ལེགས་སྒྱུར་བྱེད་དགོས། ས་གནས་ཁྲིམས་སྲོལ་འཐུས་ཚང་དུ་བཏང་ནས། ལྟ་སྐུལ་རང་བཞིན་ཇེ་དྲག་དང་ཁྲིམས་བསྟར་ནུས་པ་ཇེ་དྲག་ཏུ་བཏང་ནས། ཁྲིམས་ལུགས་ཀྱི་གཅིག་གྱུར་དང་དབང་གྲགས་ལ་སྲུང་སྐྱོང་བྱེད་དགོས། རྨ་ཙོང་རིག་གནས་རྒྱུན་འཛིན་དར་སྤེལ་བྱས་ཏེ། རིག་གནས་ཐོན་ལས་དང་ཡུལ་སྐོར་ཐོན་ལས་ཀྱི་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་དགོས། དྲིལ་སྒྲོག་ནུས་ཤུགས་ཆེར་བསྐྱེད་དེ་རྨ་ཆུའི་གཏམ་རྒྱུད་བཟང་པོར་བཤད་དགོས། སྤྱི་ཚོགས་ཡོངས་ཀྱིས་རྨ་ཆུ་སྲུང་སྐྱོང་ལ་སེམས་ཁུར་དང་རྒྱབ་སྐྱོར། ཟབ་ཞུགས་བྱེད་པའི་མཁའ་དབུགས་ལེགས་པོ་ཆགས་སུ་འཇུག་དགོས།
ཞིང་ཆེན་སྲིད་གཞུང་དང་འབྲེལ་ཡོད་སྡེ་ཁག གྲོང་ཁྱེར་དང་ཁུལ་སོ་སོའི་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་འགན་འཁུར་པ་གྲོས་ཚོགས་ལ་ཞུགས།