(ལྷ་ས) གཅན་ཆེད་འབར།
ནག་རོག་རོག་གི་ཁྭ་ཏ་ཞིག་འཕུར་ཡོང་ནས་ངེད་ཚང་གི་མཁར་ཁ་རུ་བབས་ཏེ་སྐད་འབྱིན་དུས་ཕྱི་དྲོའི་དུས་ཚོད་ལྔའི་ཡས་མས་རེད།
ཁྭ་ཏ་དེ་ཐག་རྒྱང་གང་གི་མཚམས་ནས་འཕུར་ཡོང་བའམ་ལ་ལུང་མང་པོ་བརྒྱུད་དེ་འཕུར་ཡོང་བ་ཆ་མི་འཚལ་མོད། ཁྭ་ཏ་མཁར་ཁ་རུ་བབས་པ་ནས་བཟུང་ཡུལ་གཞན་ལ་འཕུར་མ་སོང་། ཏག་ཏག་དུས་དེར་ང་རང་ངེད་ཚང་གི་ཁྱམས་སུ་བསྡད་དེ་ཇ་འཐུང་ཞོར། མཁར་གྱང་ལ་ལྟ་བ་དང་གཏུམ་ཞིང་རྒོད་པའི་ལོ་ཟླའི་དགའ་སྐྱོ་ཡོད་ཚད་ལ་བག་ཆགས་འཇོག་པ་དང་། འབྱུང་འགྱུར་གྱི་ལོ་དང་ཟླ་བ་ལ་ཅི་ཞིག་འབྱུང་བར་སྙམ་ནས་ཉི་ནུབ་ཀྱི་ཕྱོགས་ལ་ལྟ་ཙམ་ལྟ་ཙམ་བྱེད་ཀྱིན་ཡོད།
ད་ལྟ། ཉི་ནུབ་ཁྲོད་དུ་ནག་རོག་རོག་གི་ཁྭ་ཏ་ཡིས་ཕར་ལྟ་ཚུར་ལྟ་བགྱིས་ཏེ་ང་ཡི་རྣམ་འགྱུར་ལ་ལྟ་ཞིང་། ཕར་ཉན་ཚུར་ཉན་གྱིས་ང་ཡི་གྲགས་འགུལ་ལ་ལྐོག་ཉན་བྱེད་ཀྱིན་པ་འདྲ། དེ་ལྟ་མིན་ན་ཁྭ་ཏ་མཁར་ཁ་རུ་ཕར་འཁོར་ཚུར་འཁོར་དང་ཡར་དགྱེ་མར་སྒུར་ལ་རིངས་པའི་དགོས་པ་མ་མཆིས་ཏེ། ཁྭ་ཏ་ལ་གནོད་པ་བྱེད་པའི་བྱ་ཁྲ་སོགས་སྟོངས་པར་གྱུར་ཅིང་། མི་རྣམས་ཀྱིས་ཀྱང་ཁྭ་ཏའི་ཤ་མི་བཟའ་བས་བག་བྲོད་པོས་གནས་ཆོག ཁྭ་ཏས་སྔར་ལྟར་ཅི་ཞིག་ལ་བག་ཟོན་བྱེད་པ་དང་འདྲ་བར་ཕར་ལྟ་ཚུར་ལྟ་བྱེད། ཡུད་ཙམ་གྱི་རྗེས་ནས་ངའི་ཕྱོགས་ལ་འཁོར་ཏེ་སྐད་ཕྱུང་འོངས།ཐན་ལྟས་ཀྱི་སྐད་ངན་ཕྱུངས་པས་འདྲེ་བྱ་ཐན་བྱ་ཞེས་སྤུར་ཡང་འཕུར་མ་སོང་།
སྔོན་གྱི་དུས་སུ་ཁྭ་ཏ་ཐན་བྱ་རུ་བལྟས་ཏེ་མཁར་གྱི་ཉེ་འཁོར་ལ་འབབ་ཏུ་མི་འཇུག བབས་ན་ལམ་སང་སྤུར་བར་བྱེད། མགྲོན་ལ་ཆ་བ་དང་ཇག་ལ་འགྲོ་བ་གང་ཡིན་རུང་ཁྭ་ཏའི་ཐན་སྐད་ཐོས་ན་བཀྲ་མི་ཤིས་པར་བརྩིས་ཏེ་ཡུལ་གཞན་ལ་མི་འགྲོ། ཆག་སྒོ་ཅི་ཞིག་འབྱུང་བར་སྙམ་ནས་དོགས་ཟོན་བྱེད་པས་ངེད་ཅག་གི་མགོ་ཐོག་ལ་ཆག་ཆེ་ཉམ་ང་ཅི་ཡང་མ་བྱུང་། ད་ལྟ། ཁྭ་ཏ་ནི་མི་ལ་གོམས་པའམ་ཡང་ན་རྩལ་རྫོགས་པ་ཅི་ཡིན་མ་ངེས་མོད། ང་ལ་སྐྲག་སྣང་ཡེ་ནས་མི་བྱེད།
ལར། ཁྭ་ཏ་ཡིས་སྐད་འབྱིན་མི་དགོས་པར་དབེན་སིམ་མེར་བབས་ན་ཆོག་སྟེ་ཉེ་ཆར་ཡང་ཁྭ་ཏ་ཐེངས་དུ་མར་བབས་མྱོང་། མཁར་ཁ་རུ་བབས་ཡོད་ཅེས་ངོམ་སོ་ཡང་བྱེད་དགོས་དོན་མི་འདུག་སྟེ་བྱ་བྱེའུ་གཞན་ཡང་བབས་དང་འབབ་ཀྱིན་ཡོད། ཡར་ལྟ་མར་ལྟ་དང་ཕར་ཉན་ཚུར་ཉན་ཡང་བྱེད་དགོས་དོན་མི་འདུག་སྟེ་ང་ཡིས་ཁྭ་ཏ་ལ་གནོད་པའི་སྦྱོར་བ་ཅི་ཡང་རྩོམ་ཐུབ་ཀྱིན་མེད།
འོ་ན། སྐད་འབྱིན་པ་ནི་ཅིའི་ཕྱིར་ཡིན་ནམ། ཡར་ལྟ་མར་ཉན་བྱེད་པ་ཡང་ཅིའི་ཕྱིར་ཡིན་ནམ།གཅིག་ཏུ་ན་ང་ཡིས་ཁྱོད་ཀྱི་ས་ཐོག་ནས་གཞིས་ཟིན་ཡོད་ཅེས་ངོམ་པ་འདྲ། གཅིག་ཏུ་ན། ཁྱོད་ཅག་གིས་ཅི་བྱས་ཀྱང་ང་རང་བདའ་མི་ཐུབ་ཅེས་ཁྱིམ་ཁ་གཡས་གཡོན་ལ་ཁ་ཤོབ་འཐེན་གྱིན་པ་འདྲ། གཅིག་ཏུ་ན། ངེད་ཚང་གི་མཁར་ཁ་ནས་གཞིས་བཅོས་ཏེ་དོན་གཞན་ཞིག་ལ་ཐབས་ཇུས་འཐེན་གྱིན་པ་འདྲ། གང་ལྟར། ཁྭ་ཏ་དེ། ཁུ་སིམ་དང་གྲགས་འགུལ་གང་རུང་གིས་མཁར་ཁ་རུ་བབས་ཀྱང་རུང་། ང་ཁོ་ནར་དོ་གལ་ག་ལ་ཡོད་སྙམ་སྟེ་ཡུད་ཙམ་ལ་བསྡད།
དེ་ནས། ནག་རོག་རོག་གི་ཁྭ་ཏ་རིམ་གྱིས་ལྷས་རར་བབས་ཡོང་ནས་ཐན་སྐད་འབྱིན་ཞོར་ཕར་ལྟ་ཚུར་ལྟ་བྱེད། དགའ་བའི་ཞབས་བྲོ་འཁྲབ་པ་དང་འདྲ་བར་ལྡིང་ཙམ་དང་མཆོངས་ཙམ་བྱེད། ང་རང་འཚིག་པ་ཟོས་ཏེ་ཁྭ་ཏ་སྤུར་གྲབས་བྱེད་དུས་གར་འོངས་མི་ཤེས་པའི་དངངས་སྐྲག་ཅིག་ཐོལ་གྱིས་འཁྲིགས་ཡོང་། རྒྱུ་མཚན་ནི་ངས་ཁྭ་ཏའི་གནས་ཚུལ་གསལ་པོ་ཞིག་མི་ཤེས་ཤིང་། ཡང་ན་སུ་ཞིག་གི་ཕོ་ཉའང་ཡིན་སྲིད་པས་དེ་ལྟར་བདས་ན་རང་མགོར་དོན་མེད་དུ་ཆག་སྒོ་ཡོང་ན་ཅི་ཞིག་བྱ་སྙམ་ནས་སྤུར་མ་ཕོད། འོན་ཀྱང་སྐད་སྒྲ་འདི་ལྟ་བུ་ལ། ང་དངོས་གནས་སུན་སྣང་གིས་བརྟས་འོངས་པར་མ་ཟད། ངེད་ཚང་གི་ལྷས་ར་ནས་ཁྭ་ཏ་ནི་བདག་པོ་ཞིག་དང་འདྲ་བར་ཅི་མི་སྙམ་པར་འགྲོ་འོང་བྱེད་པའི་རྣམ་པ་དེར་བློས་མི་བཟོད་པ་ཞིག་རེད།
ཁྭ་ཏ་སྔར་བཞིན་ལྷས་ར་ནས་ལྡིང་བཞིན་ལྡིང་བཞིན་འགྲོ་ཞིང་། ཞོར་དུ་རྒྱལ་ཁའི་གཞས་ཤིག་དང་འདྲ་བའི་རྣར་གཟོན་པའི་སྐད་དེའང་མཚམས་མེད་དུ་གྲགས་འོངས་ཏེ་ལྷས་ར་དང་སྒོའི་ཕྱི་ནང་འཁྱིམས་ནས་འདུག དེ་ནས་བསྲན་མི་ཐུབ་པར་ཁྱིམ་སྦུག་ཏུ་འཛུལ་ཙ་ན་ཁྱིམ་གྱི་སྣོད་ཅ་ལག་དག་ནག་རོག་རོག་ཏུ་འདུག་སྟབས་ལག་པས་བསྙབ་རྒྱུར་ཡང་ཅུང་ཟད་ཞེད་སྣང་སྐྱེ། ང་ཡི་ཚོར་བ་ནོར་མེད་ན་སྣོད་ཅ་ལག་དག་ལའང་ཁྭ་ཏའི་སྐད་ངན་འགོས་འདུག བཟོད་གླགས་མེད་པར་ལྷས་རར་ཐོན་དུས་མི་ཞིག་གིས་ངེད་ཚང་འབོད་པའི་སྒྲ་ཐོས། སྐབས་དེར། ངའི་སེམས་ལ་གལ་སྲིད་ཁྱིམ་ཁ་གཡས་གཡོན་གྱི་མི་ཞིག་ཡིན་ན་མགོ་ལ་ཆག་ཆེ་ཉམ་ང་ཅི་ཞིག་བྱུང་རུང་ད་ནི་རྡོག་རྩ་གཅིག་སྒྲིལ་གྱིས་སྤུར་དགོས་སྙམ་ནས་སྒོ་འབྱེད་དུ་སོང་། སྒོ་འབྱེད་དུ་སོང་།