ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས་དུས་རབས་གསར་པའི་ཁྲིམས་ལུགས་རིག་པའི་སློབ་གསོ་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས་པ།
ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གིས། དུས་རབས་གསར་པའི་ཁྲིམས་ལུགས་རིག་པའི་སློབ་གསོ་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་པའི་སྐོར་གྱི་བསམ་འཆར་ཞེས་པ་པར་སྐྲུན་འགྲེམས་སྤེལ་བྱས།
བསམ་འཆར་ལས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་གི་གཞུང་ལུགས་ཞིབ་འཇུག་ལ་ཤུགས་སྣོན་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་ཁྲིམས་ལུགས་རིག་པའི་རིག་ཚན་མ་ལག་དང་རིག་གཞུང་མ་ལག སྐད་བརྡའི་མ་ལག་བཅས་གང་མགྱོགས་ངང་བཙུགས་ཏེ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་མ་ལག་འཛུགས་སྐྲུན་དང་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་རྒྱལ་ཁབ་འཛུགས་སྐྲུན། ཁྲིམས་སྐྱོང་བགྲོད་ལམ་སྟེང་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་ཤེས་ལྡན་མི་སྣའི་འགན་སྲུང་དང་གཞུང་ལུགས་ཀྱི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས།
བསམ་འཆར་ལས་གཏན་འཁེལ་བྱས་པའི་དམིགས་འབེན་གཙོ་བོ་ནི། 2025ལོར་སླེབས་སྐབས། ཁྲིམས་ལུགས་རིག་པའི་སློབ་གླིང་དང་སློབ་གྲྭའི་ས་ཁོངས་བཀོད་སྒྲིག་དང་རིག་གཞུང་ཚན་ཁག་གི་ཆེད་ལས་བཀོད་སྒྲིག་བྱས་པ་སྔར་ལས་དོ་མཉམ་ཡིན་པ་དང་། ཁྲིམས་ལུགས་རིག་པའི་སློབ་གསོ་དོ་དམ་གྱི་མཛུབ་སྟོན་སྒྲིག་སྲོལ་སྔར་ལས་འཐུས་ཚང་དུ་ཕྱིན་པ། ཤེས་ལྡན་མི་སྣ་གསོ་སྐྱོང་བྱེད་པའི་སྤུས་ཚད་བརྟན་པོའི་ངང་མཐོ་རུ་ཕྱིན་པ། ཁྱབ་ཁོངས་གཙོ་བོའི་ཤེས་ལྡན་མི་སྣའི་ཞན་ཆ་གསབ་ཚད་སྔར་ལས་ཇེ་མགྱོགས་སུ་ཕྱིན་པ། ཁྲིམས་ལུགས་རིག་པའི་གཞུང་ལུགས་ཀྱི་ཞིབ་འཇུག་ཁྱབ་ཁོངས་སྔར་ལས་རྒྱ་སྐྱེད་དུ་ཕྱིན་པ། ཞིབ་འཇུག་བྱེད་ནུས་རྒྱུན་མཐུད་ངང་ཇེ་ཆེར་སོང་བ། རྨང་གཞིའི་གཞུང་ལུགས་ཞིབ་འཇུག་དང་ཉེར་སྤྱོད་ཐབས་ཇུས་ཞིབ་འཇུག་སྔར་ལས་དར་རྒྱས་སུ་ཕྱིན་པ། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ཁྲིམས་སྐྱོང་གཞུང་ལུགས་ཞིབ་འཇུག་སྔར་ལས་གསར་གཏོད་དང་འཕེལ་རྒྱས་ཡོང་བ་བཅས་བྱེད་དགོས། 2035ལོར་སླེབས་སྐབས། ཁྲིམས་སྐྱོང་རྒྱལ་ཁབ་དང་ཁྲིམས་སྐྱོང་སྲིད་གཞུང་། ཁྲིམས་སྐྱོང་སྤྱི་ཚོགས་བཅས་གཞི་རྩའི་ཆ་ནས་བསྐྲུན་ཟིན་པར་མ་ཟད་འཚམ་མཐུན་ཡོང་བར་བྱས་ཏེ། ཀྲུང་གོའི་ཁྱད་ཆོས་དང་འཛམ་གླིང་གི་ཁྲིམས་ལུགས་རིག་པའི་སློབ་གླིང་རྩེ་གྲས་ཁག་ཅིག་བསྐྲུན་ནས། ནང་དོན་ཚན་རིག་དང་མཐུན་པ་དང་གྲུབ་ཚུལ་ལུགས་མཐུན་ཡིན་པ། མ་ལག་ཆ་ཚང་བ། གཞོགས་འདེགས་དང་ལས་ཆོད་ཆེ་བ་བཅས་ཀྱི་ཁྲིམས་ལུགས་རིག་པའི་སློབ་གསོའི་མ་ལག་དང་ཁྲིམས་ལུགས་རིག་པའི་གཞུང་ལུགས་ཞིབ་འཇུག་མ་ལག་གྲུབ་པར་བྱེད་རྒྱུ་དེ་ཡིན།