མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཝང་ལིན་ཧུའུ་ཡིས་རྒྱལ་ཁབ་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་བྱ་བར་སྐོར་ཞིབ་བྱས་པ།

  2023-02-26 21:17:12 

ཝང་ལིན་ཧུའུ་ཡིས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་བྱ་བར་སྐོར་ཞིབ་བྱས་པ།

ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཝང་ལིན་ཧུའུ་ཡིས་ཟི་ལིང་གྲོང་ཁྱེར་ནས་ཞིང་ཆེན་ཡོངས་ཀྱི་རྒྱལ་ཁབ་གཅིག་གྱུར་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་བྱ་བར་སྐོར་ཞིབ་བྱས། ཁོས་ནན་གྱིས་བསྟན་དོན། ནན་ཏན་གྱིས་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་བྱས་ཏེ། ཕྱོགས་ཡོངས་ནས་སྤྱོད་ཡོན་གཉིས་ལྡན་གྱི་བྱང་ཚད་མཐོ་བའི་ཁྲིམས་སྐྱོང་བྱ་བའི་དཔུང་སྡེ་འཛུགས་སྐྲུན་བྱེད་པའི་རེ་བ་དངོས་འབེབས་བྱེད་པ་དང་། བདེ་འཇགས་ཚད་ལྡན་གྱིས་བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་བྱ་བ་ནན་ཏན་གྱིས་རྩ་འཛུགས་དང་ལག་བསྟར་བྱས་ཐོག སྔར་ལས་བཟང་བའི་བཅའ་ཁྲིམས་ཆེད་ལས་ཀྱི་འཇོན་མི་གདམ་གསེས་དང་རྗེས་གྲབས་བྱས་ནས། ཆུ་ཚད་སྔར་ལས་མཐོ་བའི་ཁྲིམས་སྐྱོང་མཚོ་སྔོན་འཛུགས་སྐྲུན་བྱེད་ཆེད་འཇོན་མིའི་འགན་སྲུང་འདོན་སྤྲོད་བྱེད་དགོས་ཟེར། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙེ་ཅོན་དང་། ཞིང་ཆེན་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོ་ཀྲ་ཆིན་ཅིག་གཉིས་ཀྱིས་མཉམ་དུ་སྐོར་ཞིབ་བྱས། 

མཚོ་སྔོན་དགེ་འོས་སློབ་ཆེན་གྱི་རྒྱུགས་ར་ནས། ཝང་ལིན་ཧུའུ་ཡིས་ཡུལ་དངོས་ནས་རྒྱུགས་རའི་བཀོད་སྒྲིག་དང་རྒྱུགས་ལེན་ལས་རིམ། རྒྱུགས་སྲོལ་སྒྲིག་ལམ། བདེ་འཇགས་གསང་སྲུང་། འཕྲལ་བསྟུན་བྱེད་ཐབས་སོགས་ཀྱི་གནས་ཚུལ་ལ་རྒྱུས་ལོན་བྱས། ཁོས་བསྟན་དོན། བཅའ་ཁྲིམས་ལས་རིགས་ཐོབ་ཐང་རྒྱུགས་ལེན་བྱ་བ་རྩ་འཛུགས་དང་ལག་བསྟར་གང་ལེགས་བྱེད་པ་དེ་སྤྱི་ཚོགས་རིང་ལུགས་ཁྲིམས་སྐྱོང་དཔུང་སྡེའི་འཇོན་མིའི་གདམ་གསེས་དང་གསོ་སྦྱོང་ལ་འབྲེལ་ཡོད་པ་དང་། ཕྱོགས་ཡོངས་ནས་ཁྲིམས་ལྟར་རྒྱལ་ཁབ་སྐྱོང་བའི་བྱ་བའི་ཆེ་ཕྱོགས་ལ་འབྲེལ་ཡོད་པས། ཆབ་སྲིད་རང་བཞིན་དྲག་པོ་ལྡན་པ་དང་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད། བདེ་འཇགས་ཉེན་ཟོན་གཟབ་ནན་བྱས་ཏེ་མི་འགོག་དང་དངོས་འགོག རྩལ་འགོག་བཅས་ཟུང་འབྲེལ་བྱེད་པ་རྒྱུན་འཁྱོངས་སྒོས། བདེ་འཇགས་གསང་སྲུང་ལམ་ལུགས་ནན་ཏན་གྱིས་དངོས་འབེབས་དང་། ཕྱོགས་ཡོངས་ནས་མི་མངོན་པའི་ཉེན་ཁ་རྩད་ཞིབ་དང་མེད་པར་བཏང་སྟེ། རྒྱུགས་ལེན་རྩ་འཛུགས་དང་གཞི་གྲངས་བརྒྱུད་གཏོང་། མ་ལག་དྲ་རྒྱའི་སྲུང་སྐྱོབ་སོགས་ལས་རིམ་སོ་སོ་བདེ་འཇགས་དང་ཚད་ལྡན། གོ་རིམ་ལྡན་པ་བཅས་ཡོང་བར་འགན་སྲུང་བྱེད་དགོས། རྒྱུགས་སྲོལ་སྒྲིག་ལམ་ནན་འཛིན་དང་རྒྱུགས་ལེན་བྱ་བའི་དོ་དམ་ལ་ཤུགས་སྣོན། རྒྱུགས་རའི་སྒྲིག་ལམ་ནན་སྲུང་བྱས་ཤིང་། ཡུལ་དངོས་ཀྱི་ལྟ་རྟོག་དོ་དམ་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་། ཁྲིམས་ལྟར་རྒྱུགས་ལེན་གྱི་སྒྲིག་འགལ་བྱ་སྤྱོད་ལ་ཆམ་ཕབ་དྲག་པོ་བཏང་ནས། རྒྱུགས་ལེན་གྱི་འདྲ་མཉམ་དང་དྲང་བདེན་ལ་འགན་སྲུང་བྱེད་དགོས། ཞབས་ཞུའི་འགན་སྲུང་ལེགས་བསྒྱུར་བྱེད་པ་དང་མི་རྩ་བར་བྱེད་པའམ་རྒྱུགས་ལེན་མཁན་ལ་ཞབས་འདེགས་ཞུ་བའི་བྱ་བའི་འདུ་ཤེས་བརྟན་པོ་ཆགས་པར་བྱས་ཏེ། བརྩེ་བ་རྣལ་མས་སེམས་གསོ་བྱེད་པ་དང་རིམས་ནད་འགོག་སྡོམ། སྨན་བཅོས་འགན་སྲུང་སོགས་ཀྱི་བྱ་བ་བཟང་བོར་བསྒྲུབས་ནས། ཟོལ་མེད་ཀྱིས་བདེ་འཇགས་ཀྱི་རྒྱུགས་ལེན་ཁོར་ཡུག་བཟང་བོ་ཞིག་བསྐྲུན་དགོས་ཟེར། 

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།