མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ལིས་ཞི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་གྲོས་ཚོགས་ལ་ཞུགས་པ།

  2023-02-26 21:17:12 

ལིས་ཞི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས་པ།

ཟླ2པའི་ཚེས24ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ལིས་ཞི་རྒྱལ་ཡོངས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དག་ཐེར་སྐུལ་སློང་བཀོད་སྒྲིག་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད། ཁོས་བསྟན་དོན། རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་དང་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་མོ་བྱས་ཏེ། བློ་ཐག་རྦད་ཆོད་སྒོས་སྐབས་ཉི་ཤུ་པའི་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པའི་བྱ་བའི་བཀོད་སྒྲིག་དངོས་འབེབས་བཟང་པོ་བྱེད་པ་དང་། ཏན་ཏིག་སྒོས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པའི་དཔུང་སྡེའི་སློབ་གསོ་དང་དག་ཐེར་གཏིང་ཟབ་ཏུ་སྤེལ་དགོས་ལ། ལངས་ཕྱོགས་བརྟན་པོའི་རྣམ་འགྱུར་དང་ནུས་ཤུགས་ཆེ་བའི་བྱེད་ཐབས། སེམས་ཐག་ཆོད་པའི་བྱ་སྤྱོད་བཅས་ལ་བརྟེན་ནས་ངོ་གཉིས་མར་ཞིབ་བཤེར་ཐག་གཅོད་ནན་མོ་བྱེད་པ་དང་། བློ་ཐག་རྦད་ཆོད་སྒོས“སྒྲོན་འོག་མུན་པ”འགོག་བཅོས་གང་ལེགས་བྱས་ནས། བློ་དཀར་དག་གཙང་དང་ཁག་ཁུར་བྱེད་པ་དང་སྤོབས་པ་ཆེ་ཞིང་འཐབ་རྩོད་བྱེད་མཁས་པའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་དཔུང་སྡེ་གསར་སྐྲུན་བྱེད་དགོས་ཟེར།

ལིས་ཞི་ཡིས་བསྟན་དོན། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ནི་ཕྱོགས་ཡོངས་ནས་ཏང་བཅོས་སྐྱོང་ནན་མོ་བྱེད་པར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཙོ་བོ་ཡིན་པས། ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་འཕེལ་རིམ་ཁྲོད་དུ་འགན་འཁྲི་གཙོ་བོ་འཁུར་ཡོད་པ་དང་ནུས་པ་གལ་ཆེན་འདོན་བཞིན་ཡོད། སློབ་གསོ་དང་དག་ཐེར་བྱེད་པའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གསལ་བོ་བྱས་ཏེ། རང་རྟོགས་སྒོས་རྡོ་ལ་རི་མོ་བརྐོས་པ་ལྟར་གྱི་གསར་བརྗེ་རང་བཞིན་གྱི་རྡུང་བཟོ་དང་བླ་སྲོག་དང་སེམས་ཀྱི་ཟབ་སར་ཟུག་པའི་བློ་སྦྱོང་དང་ལེན་བཟང་པོ་བྱེད་པ་དང་། ཆབ་སྲིད་ལ་བློ་དཀར་སེམས་དཀར་བྱེད་པ་དང་། མི་ལེགས་པའི་སྤྱོད་ངན་གཙང་སེལ་བྱེད་པ། གཟབ་ནན་དོ་དམ་མ་ལག་ཆ་ཚང་དུ་གཏོང་བ་དང་། འཐབ་རྩོད་ནུས་པ་ཆེ་རུ་གཏོང་དགོས་ཟེར།

ལིས་ཞི་ཡིས་བསྟན་དོན། སློབ་གསོ་དག་ཐེར་བྱེད་སྐབས་གཟབ་ནན་གྱི་རེ་བ་དང་ནུས་ལྡན་བྱེད་ཐབས་མཐུན་སྦྱོར་སྒོས་མཉམ་བསྲེས་བྱས་ཏེ། སློབ་གསོ་དྭངས་གཙང་གི་བསམ་བློའི་ཤུགས་ཆེ་རུ་གཏོང་བ་དང་། ཁག་ཁུར་ནུས་པ་མཐོར་འདེགས་སུ་གཏོང་དགོས། གཟབ་ནན་གཙོར་འཛིན་པ་དང་མཐའ་འཁྱོལ་བར་གཟབ་ནན་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་པ་དང་། གནད་དོན་ལ་ཁ་ཕྱོགས་ཏེ་བྱ་བ་བཟང་བོར་སྒྲུབ་དགོས། དངོས་གཉེར་བདེན་འཚོལ་དང་དངོས་ཡོད་དྲང་གཞག་རྒྱུན་འཁྱོངས་བྱས་ཏེ། སྔ་བསླབ་ཕྱི་འདོམས་དང་ནད་བཅོས་མི་སྐྱོབ་བྱེད་དགོས། གོང་རིམ་གྱིས་འོག་རིམ་ལ་སྣེ་ཁྲིད་བྱེད་པ་དང་རིམ་པ་བཞིན་མཉམ་དུ་ལག་བསྟར་བྱེད་རྒྱུ་རྒྱུན་འཁྱོངས་བྱེད་དགོས། སློབ་སྦྱོང་སློབ་གསོའི་གཞི་རྩ་དམ་འཛིན་བྱེད་པ་དང་། གནད་དོན་གཙོ་བོར་ཞིབ་བཤེར་དང་དག་ཐེར་བྱེད་པ་དང་དམ་པོར་སྦྲེལ་བ། སྲ་བརྟན་དང་མཐོར་འདེགས་སུ་གཏོང་བའི་གནད་འགག་བྱ་བ་ཁོང་དུ་ཆུད་པར་བྱེད་པ། གཟབ་ནན་གྱི་རེ་བ་དེ་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་བྱེད་པ་རེ་རེར་ཤེས་སུ་བཅུག་ནས། གཟབ་ནན་སྒོས་དོ་དམ་དང་བཅོས་སྐྱོང་བྱེད་པའི་རྒྱུན་རྣམ་ནུས་ལྡན་རྐྱེན་སྲོལ་ཆགས་པར་སྐུལ་འདེད་གཏོང་དགོས། ཏང་གི་མགོ་ཁྲིད་དེ་སློབ་གསོ་དང་དག་ཐེར་གྱི་བརྒྱུད་རིམ་ཧྲིལ་བོར་སྦྲེལ་བ་དང་། ལས་བྱེད་པ་ཚང་མ་དེའི་ཁྲོད་དུ་ཞུགས་པ་དང་ཕྱོགས་ཡོངས་ལ་ཁེབས་པར་བྱེད་པ་རྒྱུན་འཁྱོངས་བྱས་ནས་གྲུབ་འབྲས་ངོ་མ་ཐོབ་པར་འགན་སྲུང་བྱེད་དགོས་ཟེར།

ལིའུ་ཅིན་གོ་ཡིས་གྲོས་ཚོགས་ལ་མགོ་འཛིན་བྱས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།