ཟླ2པའི་ཚེས17ཉིན་གྱི་སྔ་དྲོར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་པེ་ཅིང་དུ་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་གྱི་བཞུགས་མོལ་ཚོགས་འདུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་བཞུགས་མོལ་ཚོགས་འདུར་ཞུགས་ནས་གཏམ་བཤད་དེ་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ནས། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་བྱས་ཏེ་ངོས་འཛིན་སྔར་ལས་གཅིག་གྱུར་དང་ལས་འགན་ཁ་གསལ་བཟོ་བ། འགན་འཁྲི་དོན་འཁྱོལ་བཅས་བྱས་ནས། རྨ་ཆུ་སྲུང་སྐྱོང་གི་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས་ཟེར།
ལིས་ཀྲན་ཧྲུའུ་ཡིས་སྐབས་འདིའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་འཚོགས་ཟིན་པའི་ཚོགས་འདུ་ཐེངས་སོ་བརྒྱད་ཀྱི་ཁྲོད་དུ། ཚོགས་འདུ་ཐེངས་ཉེར་བརྒྱད་ཀྱི་ཁྲོད་དུ་ཁོར་ཡུག་སྲུང་སྐྱོང་གི་གྲོས་དོན་ཡོད་ལ། ཁྲིམས་འཛུགས་དང་ལྟ་སྐུལ་ལས་གཞི་དྲུག་ཅུ་དང་འབྲེལ་བ་ཡོད་ཅིང་། ཁྱོན་བསྡོམས་འབྲེལ་ཡོད་བཅའ་ཁྲིམས་ཐེངས་བཅུ་དགུ་དངོས་སུ་བཟོས་པ་དང་དེར་བཟོ་བཅོས་བརྒྱབ་སྟེ། ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་ཤིག་དང་། ལས་བྱེད་པའི་ཆེད་དོན་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་དུ་མ་དང་དམིགས་བསལ་ས་ཁོངས་རང་བཞིན་དང་འབབ་རྒྱུད་ཀྱི་ཁོར་ཡུག་སྲུང་སྐྱོང་གི་བཅའ་ཁྲིམས་བཞི་བཅས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཁྱབ་ཁོངས་ཀྱི་བཅའ་ཁྲིམས་མ་ལག་ཅིག་གཞི་རྩའི་ཆ་ནས་གྲུབ་ཡོད་ལ། དམིགས་བསལ་གྱི་ས་ཁོངས་དང་འབབ་རྒྱུད་ཀྱི་བཅའ་ཁྲིམས་བཞི་པོའི་ཁྲོད་ཀྱི་གཅིག་ནི་རྨ་ཆུའི་སྲུང་སྐྱོང་བཅའ་ཁྲིམས་ཡིན་ཞེས་བསྟན།
ལིས་ཀྲན་ཧྲུའུ་ཡིས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་བསྟར་བྱས་པ་དེའི་སྟེང་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་མཚོན་ཡོད་ཅིང་། རྨ་ཆུ་བཞུར་ཁོངས་ཀྱི་མངོན་གསལ་དོད་པའི་ཁྱད་ཆོས་མཚོན་པ་དང་། ཕན་འབྲས་ལྡན་པའི་སྒོ་ནས་རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་མ་ལག་གྲུབ་པ་མཚོན་ཐུབ། རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལས་བཏོན་པའི་དོན་སྙིང་གལ་ཆེན་དང་ཤུགས་རྐྱེན་ཆེན་མོར་གོ་བ་གཏིང་ཟབ་ལེན་དགོས། སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ་བྱ་རྒྱུ་ཨང་དང་པོར་འཇོག་དགོས། ཆུའི་ཐོན་ཁུངས་གྲོན་ཆུང་དང་ལེགས་བསྡུས་བེད་སྤྱོད་བྱ་རྒྱུར་སྐུལ་འདེད་ཤུགས་ཆེན་གཏོང་དགོས། བྱེ་ཆུ་སྙོམས་སྒྲིག་དང་ཆུ་ལོག་སྔོན་འགོག་གི་བདེ་འཇགས་ལས་དོན་གཙོ་གནད་དུ་བཟུང་ནས་དམ་འཛིན་ཡག་པོ་བྱེད་དགོས། འབབ་རྒྱུད་ཡོངས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཤུགས་ཆེན་བཏང་སྟེ། བཅའ་ཁྲིམས་ལ་བརྟེན་ནས་འཕེལ་རྒྱས་གཏོང་སྟངས་ལྗང་མདོག་ཅན་དུ་སྒྱུར་རྒྱུར་སྐུལ་འདེད་གཏོང་དགོས། རྨ་ཆུའི་རིག་གནས་སྲུང་སྐྱོང་དང་རྒྱུན་འཛིན་བྱེད་དགོས། འབབ་རྒྱུད་ཡོངས་ཀྱི་མ་ལག་བཅོས་སྐྱོང་དང་སྤྱི་ཡོངས་བཅོས་སྐྱོང་། མཐུན་སྦྱོར་བཅོས་སྐྱོང་བཅས་ཀྱི་བྱེད་ཤུགས་སྔར་ལས་ཆེ་རུ་བཏང་སྟེ། རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཁྲིམས་སྐྱོང་གི་འདེགས་སྐྱོར་ནུས་ལྡན་འདོན་སྤྲོད་བྱེད་དགོས་ཞེས་ནན་གྱིས་བསྟན།
རྨ་ཆུ་སྲུང་སྐྱོང་བཅའ་ཁྲིམས་དེ2022ལོའི་ཟླ10པའི་ནང་གྲོས་འཆམ་བྱུང་བ་དང་། 2023ལོའི་ཟླ4པའི་ཚེས1ཉིན་ནས་བཟུང་དངོས་སུ་ལག་བསྟར་བྱ་རྒྱུ་རེད།
རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཧྲིན་ཡུའེ་ཡུའེ་ཡིས་བཞུགས་མོལ་ཚོགས་འདུར་མགོ་འཛིན་བྱས་པ་དང་། ཨུ་ཡོན་ཀྲང་གཞོན་པ་ཏིང་ཀྲུང་ལིས་ཚོགས་འདུར་ཞུགས།