མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

རང་ཞིང་གིས་རྒྱལ་ཁབ་རིམ་པའི་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས་ཉིས་བརྒྱ་དང་བཞི་གསར་འཛུགས་བྱས།

  2023-01-25 12:53:15  ཁྲིམས་ལུགས་ཚགས་པར།

གསར་འགོད་པས་ཉེ་སྔོན་ཞིང་ཆེན་ཁྲིམས་འཛིན་ཐིན་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་འགའི་རིང་ལ། རང་ཞིང་གིས་ན་གཞོན་ལོ་ཆུང་དེ་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་ཡུལ་གལ་ཆེན་དུ་གཏན་འཁེལ་བྱས་པ་དང་། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་བྱ་བར་བརྒྱད་ལྔའི་བཅའ་ཁྲིམས་ཁྱབ་གདལ་འཆར་འགོད་ཁྲོད་གནད་སར་བཟུང་ནས་བཀོད་སྒྲིག་བྱས་པ་དང་དངོས་འབེབས་ལ་སྐུལ་འདེད་བཏང་ནས། ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོར་སྐུལ་འདེད་བཏང་། མིག་སྔར་རྒྱལ་ཁབ་རིམ་པའི་ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས་ཉིས་བརྒྱ་དང་བཞི་གསར་འཛུགས་བྱས་པ་དང་། མཚོ་སྔོན་ཞིང་ཆེན་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་ཉེན་བརྡའི་སློབ་གསོའི་རྟེན་གཞི་གཅིག་བཙུགས་ཡོད་ལ། ཞིང་ཆེན་རིམ་པའི་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་དྲིལ་སྒྲོག་སློབ་གསོའི་ལག་ལེན་རྟེན་གཞི་བཅུ་བདུན་དང་། ན་གཞོན་ལོ་ཆུང་གི་ཁེ་དབང་སྲུང་སྐྱོང་ལས་གནས་ཉིས་བརྒྱ་དང་ཉེར་བདུན་བཙུགས་ཡོད།


ན་གཞོན་ལོ་ཆུང་གི་བཅའ་ཁྲིམས་ཁྱབ་གདལ་དྲིལ་སྒྲོག་བྱ་བ་སྤེལ་སྐབས། རང་ཞིང་གིས་བཅའ་ཁྲིམས་ཁྱབ་གདལ་འགན་འཁྲིའི་ལམ་ལུགས་དངོས་འབེབས་ནན་མོ་བྱས་ཏེ་བཅའ་ཁྲིམས་སློབ་རར་བསྐྱོད་པའི་འགན་འཁྲི་གཙོ་བོ་དངོས་འབེབས་བྱེད་པར་ལྟ་རྟོག་སྐུལ་འདེད་བཏང་། སློབ་གསོའི་སྡེ་ཁག་དང་མཉམ་དུ་ཁྲིམས་སྐྱོང་དྲིལ་སྒྲོག་དེ་རྒྱལ་དམངས་སློབ་གསོའི་མ་ལག་དང་སློབ་གྲྭ་འབྲིང་ཆུང་གི་དགེ་རྒན་གྱི་གསོ་སྤེལ་འཆར་གཞིའི་ནང་བཞག་སྟེ། འཆར་གཞི་དང་བསླབ་གཞི། སློབ་ཐུན། དགེ་རྒན་དཔུང་སྡེ་བཅས་ཀྱི་དངོས་འབེབས་བཞི་ཕལ་ཆེར་མངོན་འགྱུར་བྱུང་བ་དང་། སློབ་གྲྭ་དང་ཁྱིམ་ཚང་། སྤྱི་ཚོགས་བཅས་གནས་གསུམ་གཞི་གཅིག་ཅན་གྱི་ན་གཞོན་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྣམ་པ་ཐོག་མར་ཆགས་ཡོད། ཁྲིམས་སྐྱོང་དྲིལ་སྒྲོག་གི་གཙོ་གནད་འབུར་དུ་ཐོན་པར་བྱེད་པ་དང་ན་གཞོན་ལོ་ཆུང་གི་ལུས་སེམས་ཁྱད་ཆོས་དང་ངེས་ཤེས་ཆོས་ཉིད་ལ་རྐང་བཙུགས་ཏེ། གཙོ་བོ་ནར་སོན་མེད་པའི་མིའི་སྲུང་སྐྱོང་བཅའ་ཁྲིམས་སོགས་བཅའ་ཁྲིམས་ཁྲིམས་སྲོལ་དྲིལ་སྒྲོག་བྱས་པ་དང་། ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་ལ་ཁྲིམས་སྐྱོང་གི་དཔེ་ཆ་མང་པོ་བྱིན་པར་མ་ཟད། བཅའ་ཁྲིམས་སློབ་རར་བསྐྱོད་པའི་ཆེད་དོན་འཆད་འཁྲིད་དང་བརྗོད་དོན་བྱ་འགུལ་ཐེངས་སྟོང་གསུམ་དང་དགུ་བརྒྱ་ཉེར་བདུན་སྤེལ། ཁྲིམས་སྐྱོང་དྲིལ་སྒྲོག་གི་འདྲིལ་ཤུགས་གཅིག་བསྡུས་བྱས་ནས། མིག་སྔར་ཞིང་ཆེན་ཡོངས་ཀྱི་སློབ་གྲྭ་འབྲིང་ཆུང་དུ་ཁྲིམས་སྐྱོང་གི་སློབ་གཙོ་གཞོན་པ་དང་ཁྲིམས་སྐྱོང་ཁྲིད་སྟོན་པ་སྟོང་གསུམ་བརྒྱ་དང་ཉེར་བརྒྱད་བཀོད་སྒྲིག་བྱས་ནས་ཀུན་ལ་ཁྱབ་པ་མངོན་འགྱུར་བྱུང་། ཞིང་ཆེན་ཡོངས་སུ་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭའི་གསར་འཛུགས་བྱ་འགུལ་སྤེལ་བ་དང་། ཐོག་དང་པོར་ཁྲིམས་ལྟར་སློབ་གྲྭ་སྐྱོང་བའི་དཔེ་སྟོན་སློབ་གྲྭ་ཞེ་དྲུག་ཡོད། མི་སུམ་བརྒྱ་དང་ལྔ་བཅུ་ཡོད་པའི་སློབ་ཆེན་པའི་བཅའ་ཁྲིམས་ཁྱབ་གདལ་དང་བླངས་པའི་དཔུང་སྡེ་བཙུགས་ནས། ཟི་ལིང་གྲོང་ཁྱེར་གྱི་སློབ་གྲྭ་འབྲིང་ཆུང་ནས་དུག་འགོག་དྲིལ་སྒྲོག་སློབ་རར་བསྐྱོད་པའི་བྱ་འགུལ་སྤེལ་ཏེ། ནར་སོན་མེད་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་ཤུགས་ཚད་ཇེ་ཆེར་བཏང་བ་དང་། ནར་སོན་མེད་པའི་མི་སོགས་དམིགས་བསལ་མི་ཚོགས་ཀྱི་བཅའ་ཁྲིམས་ཁེ་དབང་སྲུང་སྐྱོང་གི་བཀག་མེད་རྒྱུ་ལམ་བཀོད་སྒྲིག་བྱས་ནས་ནར་སོན་མེད་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་གྱོད་དོན་ལ་རོགས་སྐྱོར་གང་ལེགས་བྱས། ཞིང་ཆེན་ཡོངས་ཀྱི་ནར་སོན་མེད་པའི་བཅའ་ཁྲིམས་རོགས་སྐྱོར་ཞབས་ཕྱི་ཚོགས་པ་དང་བྱ་བའི་ས་ཚིགས་བཙུགས་པ་དང་། ནར་སོན་མེད་པའི་མིའི་ཁེ་དབང་ལ་སྲུང་སྐྱོང་བྱེད་པའི་བྱ་བའི་རྐྱེན་སྲོལ་བཙུགས། ཉེ་བའི་ལོ་ལྔའི་ནང་། ཞིང་ཆེན་ཡོངས་ཀྱིས་ནར་སོན་མེད་པའི་མིའི་བཅའ་ཁྲིམས་རོགས་སྐྱོར་གྱོད་དོན་སྟོང་གཉིས་དང་ཉིས་བརྒྱ་གྱ་བརྒྱད་ཐག་གཅོད་བྱས་པ་དང་། རོགས་སྐྱོར་བྱས་པ་མི་ཐེངས་སྟོང་གཉིས་དང་བཞི་བརྒྱ་ང་གསུམ་ལ་བསླེབས་ཡོད་པར་མ་ཟད། མི་ཐེངས་སྟོང་གཉིས་དང་བཞི་བརྒྱ་དོན་དགུར་བཅའ་ཁྲིམས་བློ་འདྲིའི་ཞབས་ཕྱི་འདོན་སྤྲོད་བྱས།

རྩོམ་སྒྲིག་པ། མཁའ་འབུམ་རྒྱལ།