ཟླ11པའི་ཚེས5ཉིན་གྱི་ཕྱི་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་བརྙན་ལམ་ནས་ཝུའུ་ཧན་དུ་བསྡུས་པའི། 《བརླན་སའི་སྤྱི་ཆིངས》འཇོག་མཁན་ཕྱོགས་ཀྱི་ཚོགས་ཆེན་སྐབས་བཅུ་བཞི་པའི་མགོ་རྩོམ་མཛད་སྒོར་ཞུགས་ཏེ། 《བརླན་སར་གཅེས་སྤྲས་དང་འབྱུང་འགྱུར་ལ་སྲུང་སྐྱོང་བྱས་ཏེ། འཛམ་གླིང་གི་བརླན་སར་སྲུང་སྐྱོང་བྱེད་པའི་འགུལ་སྐྱོད་ལ་སྐུལ་འདེད་གཏོང་དགོས》ཞེས་པ་བརྗོད་དོན་དུ་བཟུང་ནས་ཤིས་ཚིག་ཕུལ།
ཞི་ཅིན་ཕིང་གིས་གནའ་ནས་ད་ལྟའི་བར་དུ། མིའི་རིགས་ཀྱིས་ཆུ་བོའི་འབབ་རྒྱུད་སྙེག་ནས་འདུས་སྡོད་བྱས་པའི་དབང་གིས། དཔལ་ཡོན་ཆུ་དང་འབྲེལ་ཏེ་བྱུང་བ་ཡིན་ལ། མིའི་རིགས་ཀྱི་ཐོན་སྐྱེད་དང་འཚོ་བའང་བརླན་ས་དང་འབྲེལ་བ་དམ་ཟབ་ཡོད། ང་ཚོས་ངོས་འཛིན་གཏིང་ཟབ་ཏུ་གཏོང་བ་དང་མཉམ་ལས་ལ་ཤུགས་བསྣན་ནས། བརླན་ས་སྲུང་སྐྱོང་གི་འཛམ་གླིང་གི་འགུལ་སྐྱོད་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཞེས་གསུངས།
ཞི་ཅིན་ཕིང་གིས་ཀྲུང་གོའི་བརླན་ས་སྲུང་སྐྱོང་ལ་ལོ་རྒྱུས་རང་བཞིན་གྱི་གྲུབ་འབྲས་ཐོབ་ནས་སྲུང་སྐྱོབ་ལམ་ལུགས་ཀྱི་མ་ལག་བསྐྲུན་ཏེ། 《བརླན་སའི་སྲུང་སྐྱོང་བཅའ་ཁྲིམས》ཞེས་པ་དངོས་སུ་བཏོན་ཡོད། ཀྲུང་གོས་མི་དང་རང་བྱུང་ཁམས་འཆམ་མཐུན་མཉམ་གནས་ཀྱི་དེང་རབས་ཅན་བསྐྲུན་ནས། བརླན་ས་སྲུང་སྐྱོང་བྱ་གཞག་སྤུས་ཚད་མཐོ་བའི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུ་ཡིན། ཀྲུང་གོས《རྒྱལ་ཁབ་སྤྱི་གླིང་གི་བར་སྟོང་བཀོད་སྒྲིག་ཇུས་གཞི》ཞེས་པ་བཟོས་ནས། རྒྱལ་ཁབ་སྤྱི་གླིང་ཁག་གཅིག་གཅིག་རྗེས་གཉིས་མཐུད་ངང་བཙུགས་ཏེ། བརླན་ས་སྤྱི་ཆིང་བྱེ་བ་གཅིག་དང་ས་ཡ་གཅིག་ཙམ་རྒྱལ་ཁབ་སྤྱི་གླིང་མ་ལག་ནང་བཅུག་ནས། རྒྱལ་ཡོངས་ཀྱི་བརླན་ས་སྲུང་སྐྱོབ་འཆར་འགོད་དང་བརླན་ས་སྲུང་སྐྱོང་གི་བཟོ་སྐྲུན་གལ་ཆེན་ལག་བསྟར་བྱེད་རྒྱུ་ཡིན། ཀྲུང་གོས་རྒྱལ་སྤྱིའི་བརྗེ་རེས་དང་མཉམ་ལས་ལ་སྐུལ་འདེད་བཏང་ནས། ཧྲིན་ཀྲིན་དུ“རྒྱལ་སྤྱིའི་སྡོང་དམར་ནགས་ཚལ་ལྟེ་གནས”འཛུགས་རྒྱུ་དང་འཛམ་གླིང་གི་མཚོ་འགྲམ་གླེང་སྟེགས་བསྡུ་བར་རྒྱབ་སྐྱོར་བྱེད་རྒྱུ་ཡིན། ང་ཚོས་མཉམ་དུ་འབད་བརྩོན་བྱས་ནས་འཛམ་གླིང་གི་བརླན་ས་སྲུང་སྐྱོང་གི་ལེའུ་གསར་པ་འབྲི་དགོས་ཞེས་གསུངས།