ཆུང་ཆུང་ཟེར་བ་ནི་རང་གི་བློ་རྒྱ་ཇེ་དོག་ཏུ་གཏོང་དགོས་ཟེར་བ་མིན་ལ། རང་ཉིད་ཀྱི་ཤེས་རབ་ཀྱི་རྟོགས་པ་འགྲིབ་སྟེ་ཇེ་ཉུང་དུ་སོང་བའམ་ཇེ་ཆུང་དུ་གཏོང་དགོས་ཟེར་བའང་མིན་པར། རང་ཉིད་ཀྱི་ཤེས་འཇོན་ཕྲ་མོ་ཙམ་གྱིས་རྒྱགས་ཤིང་འུར་ནས་རང་བློས་མཁས་མདོག་གིས་བཀྱགས་ཏེ་རང་རློམ་གྱི་དབུགས་ལྒང་མཁའ་ལ་འཕྱར་བ་དེ་བཅུམ་ནས་ཆུང་ནས་ཆུང་དུ་གཏོང་ཟེར་བ་ཡིན། རང་རེའི་དུག་གསུམ་གྱི་ཉོན་མོངས་བཏུལ་ནས་རང་སེམས་ཞི་བདེ་བག་ཕེབས་སུ་གནས་ཤིང་ཆགས་སྲེད་ཀྱི་རྔམ་པ་ཆུང་ནས་ཞི་བར་བརྩོན་དགོས་བསྟན་པ་དེའོ།།
ང་ཚོའི་མི་ཚོས། ང་ཚོ་དཀྱུས་མ་ལྟ་བུའི་མི་ཚོས། རང་ངོ་རང་གིས་ཟིན་དགོས་ཏེ། དཔེ་ཀློག་ཟ་ཟི་ཙམ་དང་རྩོམ་སྣ་ཐན་ཐུན་གྱིས་རང་ཉིད་ཀྱི་མགོ་འཕང་ཨ་སྔོན་དབྱིངས་སུ་གཏད་ནས་དགུ་ཚིགས་སྐྱ་མོའི་རྗེས་སུ་འགྲོ་བ་སྟེ། མིག་མདུན་གྱི་མུན་པའི་འོབས་སུ་ལྷུང་བར་དོགས་སྣང་མི་བྱེད་པ་ནི་ཆེས་སྐྲག་ཡེར་བའི་མི་ཚེའི་སྐྱོ་གར་ཞིག་ཅི་ལ་མིན།
ང་ནི་ཆུང་ཆུང་ཕལ་བ་ཞིག་གི་རྡང་ལ་བབས་ཏེ། གངས་ལྗོངས་མ་མའི་པང་ཁུགས་སུ་ཉལ་བའི་ཆུང་ཆུང་གི་འདབ་མ་དྲུག་ལྡན་གྱི་ཁ་བ་རྡོག་ཅིག་ཏུ་འགྱུར་པར་མོས། ང་ནི་མརྒད་ཞུན་མའི་རླབས་རྒྱུན་དང་འདྲ་བའི་གཡུ་ལོའི་སྤང་ཐང་དུ་མུ་ཏིག་བཞིན་འོད་མདངས་འཚེར་བའི་མེ་ཏོག་གི་འདབ་མ་ལྟར་བཞད་པར་དུངས། དེ་ནི་ཆུང་ཆུང་གི་རེ་སྨོན་ཏེ། ཤེལ་གྱི་གངས་རི་དཀར་པོའི་གཟི་མདངས་ལ་སིམ་ཞིང་འོད་ཟེར་ཕྲ་མོ་ཕྲ་མོ་ཞིག་གི་རེ་སྨོན་གྱི་རྟ་ལ་བཅིབས་ཏེ་ཁྱོད་ཀྱི་ཉེ་སར་སླེབ་ན་འདོད། ང་རང་ཁྱོད་ལ་དུངས་པས། ང་རང་ཆུང་ཆུང་གི་གཤེར་གཟུགས་ཤིག་ལ་འགྱུར་ཏེ། གཡུ་མདོག་གི་སྤང་ལྗོངས་སུ་ཆུ་སིམ་བཞིན་བབས་ནས་དབྱིག་འཛིན་སྒེག་མོ་ལ་དགའ་བདེའི་དཔལ་ལ་ཅི་དགར་རོལ་ལ་སྤྲོ། ང་རང་ཆུང་ཆུང་གི་ཆར་ཐིགས་ཤིག་ལ་བརྫུས་ཏེ། མཐིང་མདོག་གི་རྒྱ་མཚོ་ཆེན་པོའི་ཕྱོགས་སུ་སྦྲང་ཆར་བཞིན་བབས་ཤིང་སེམས་འདུན་རྒྱང་རིང་ལ་གཏད་པར་སྨོན། ང་རང་ཁྱོད་ནི་གང་ལ་མོས་ཤིང་དུངས་པ་དེ་ལ་བརྫུས་ཏེ་ཁྱོད་ཀྱི་དུས་གསུམ་གྱི་བྲན་དུ་འགྱུར་ལ་ཅི་འདྲའི་མོས་ཨང་།
མི་རྣམས་ཡ། རང་ཉིད་ཁེངས་རློམ་གྱིས་བརྩིགས་པའི་རི་བྲག་ཡིན་ན། དེར་ཕར་ལ་བོས་ཀྱང་ཨ་ལན་བྲག་ཅ་ལས་ཅི་ཡང་ཐོས་མི་ཐུབ་པས་རྫ་ཁོག་སྐམ་པོ་ལས་འབྱུང་བའི་སྒྲ་དབྱངས་ལ་ནམ་ཡང་འབྲུག་སྒྲ་བཞིན་སྙིང་བོས་དབེན། དེ་བཞིན་རང་ཉིད་ཀྱང་ཆེ་མདོག་གི་རྫ་ཁོག་སྟོང་བས་གྲུབ་པའི་ང་རྒྱལ་གྱི་རི་སྒང་སྐྱ་བོ་དེ་ཆུང་ནས་ཆུང་ངུའི་ཆ་རྡུལ་ནས་མ་རྡུལ་ལ་གཏོང་རོགས། ཆུང་ནས་མུ་མཐུད་ཆུང་དུ་གཏོང་། ཆུང་བ་རྩྭ་ཕྲན། གྲོག་མ། ཆུང་བ་ས་རྡུལ་དང་ཆུ་རྡུལ་གྱི་རྡུལ་རྫས་རྡོག་ཅིག་ཏུ་ཐོངས་དང་། རང་ཉིད་ཆུང་ཆུང་གི་རྡུལ་ཕྲན་ཕྲ་མོའི་གསེང་ནས་འཇིག་རྟེན་ལ་ལྟ་བའི་སྒོ་མོ་ཕྱེ་ན་ཅིས་མི་དགའ་ཨང་།
ང་ཚོས་ནམ་རྒྱུན་དུ། རང་ཉིད་ཆུང་བ་རྡུལ་ཕྲན་ལྟ་བུ་ཞིག་གི་ལྟ་སྤྱོད་ཟུང་གིས། ཡངས་པའི་རྒྱལ་ཁམས་དང་། ཤར་དང་ནུབ། མི་སེར་གྱི་རྦ་རླབས་འཕྱོ་བའི་རྒྱ་མཚོ། གྲོགས་པོ་དང་དགྲ་བོའི་བར་དུ། ནམ་ཡང་། ཞི་མཐུན་དང་འདུམ་འགྲིག་གི་བདེ་ཞིང་སྐྱིད་པའི་འཚོ་བ་ཞིག་བསྐྱལ་ཡོང་ལ། རང་སེམས་ཀྱི་ཉོན་མོངས་ཀྱི་མེ་ལྕེ་ཞུ་ཞིང་། ཆུང་བ་མེ་སྟག་ནས་ཉིང་རྡུལ། ཆུང་ཕྲ་ཁེ་རྡུལ་བཅས་སུ་བཏང་སྟེ།འཇིག་རྟེན་འདིར། ཚེ་སྲོག་གིས་ནམ་ཡང་ཆུང་ས་ཆོག་ཤེས་ནས་ཡུན་གཏན་གྱི་སྙིང་བོ་རྟོགས་ཐུབ་དགོས་ཨང་།
སྙིང་ཉེ་བའི་མི་རྣམས། འཇིག་རྟེན་བྱེ་བ་བརྒྱ་ཕྲག་ཏུ་གནས་པས་ཤེས་བྱའི་རྒྱ་མཚོ་རྒྱ་ཆེ་ཞིང་གཏིང་ཟབ་ཅིང་མཐིལ་བརྟོལ་དཀའ་བས། ང་ཚོས་རང་ཉིད་ཆུང་ནས་ཆུང་སར་བབས་ཏེ། མིའི་རིགས་ཀྱི་ཆེས་དོག་ཅིང་གཉོམ་པའི་སེམས་ཁོངས་སུ་མ་སླེབ་བར་དུ་རང་ཉིད་ཆུང་དུ་བཏང་ནས་མི་ཚེའི་སྙིང་བོ་སློབ་གཉེར་གྱིས་འཚོལ་ལ་ཞི་བ་དང་འཇམ་པའི་ཉི་འོད་བསུ་བར་འབད་པས་ན། མི་རིང་བར་ཁྱོད་ཀྱི་སེམས་པའི་མག་མོག་གི་ཚེས་རིས་ལྟ་བུའི་ཟླ་བ་ཉ་གང་བར་འགྱུར་ལ། ཁྱོད་ཀྱི་བློ་མིག་གི་ཟ་ཟའི་སྐར་འོད་ལྟ་བུ་དེའང་སྐྱ་རེངས་ཀྱི་བཀྲག་མདངས་འཚེར་ཞིང་རྟོགས་སད་ཀྱི་ཉི་འོད་ཅིག་ལམ་ལམ་དུ་འཆར་འོང་ངོ་།།