ཉེ་ལམ། ཞིང་ཆེན་དམངས་འཐུས་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཉི་མ་སྒྲོལ་མས་ཚན་ཆུང་ཁྲིད་དེ་ཞིང་ཆེན་སྤྱི་བདེ་ཐིང་དང་འབྲེལ་ཡོད་གྲོང་ཁྱེར་དང་ཁུལ་དུ་སོང་ནས་སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལག་རོགས་པའི་དོ་དམ་ཁྲིམས་འཛུགས་རྟོག་ཞིབ་སྤེལ་པ་དང་། བཞུགས་མོལ་ཚོགས་འདུ་བསྡུས་ནས་འབྲེལ་ཡོད་ཕྱོགས་ཀྱི་བྱ་བའི་སྙན་ཞུ་ལ་ཉན་ལ། ཉེན་རྟོག་ལག་རོགས་པའི་འཐུས་ཚབ་པར་ཁ་གཏད་བརྗེ་རེས་བྱས་པ་མ་ཟད་གྲོས་གཞི་ལ་ཉན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། ཞིང་ཆེན་སྤྱི་བདེ་ཐིང་གི་ཐིང་ཀྲང་ལིས་ཧུང་ཡ་དང་ཉི་མ་སྒྲོལ་མ་གཉིས་ཀྱིས་བྱ་བའི་བསམ་ཚུལ་བརྗེ་རེས་བྱས།
ཉི་མ་སྒྲོལ་མས་བསྟན་དོན། སྤྱི་བདེ་ལས་ཁུངས་ཀྱི་ཉེན་རྟོག་ལག་རོགས་པ་ནི་ཁྲིམས་སྐྱོང་མཚོ་སྔོན་དང་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་བྱེད་པའི་ཁ་གསབ་སྟོབས་ཤུགས་གལ་ཆེན་ཡིན་པ་དང་། ཉེན་རྟོག་ལག་རོགས་པའི་ཁྲིམས་འཛུགས་བྱ་བ་བཟང་པོར་སྒྲུབ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་སྤྱི་བདེ་བྱ་བར་ཤུགས་སྣོན་པའི་རྣམ་བཤད་གལ་ཆེན་ལག་བསྟར་བྱེད་པའི་འགུལ་སྐྱོད་དངོས་ཡིན་ལ། ཁྱོན་ཡོངས་ནས་ཁྲིམས་ལྟར་ཞིང་ཆེན་བཅོས་སྐྱོང་བྱེད་པ་དང་སྤྱི་ཚོགས་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་དུ་བསྒྱུར་བ། མི་དམངས་མང་ཚོགས་ཀྱི་ཁྲིམས་སྐྱོང་ཐད་ཀྱི་ཐོབ་ཚོར་མཐོར་འདེགས་གཏོང་བའི་ཐད་ནས་དོན་སྙིང་གལ་ཆེན་ལྡན།
ཉི་མ་སྒྲོལ་མས་ནན་གྱིས་བསྟན་དོན། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དམངས་ཆེན་བྱ་བའི་གྲོས་ཚོགས་ཀྱི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་བྱེད་པ་དང་། ཁྲིམས་འཛུགས་བྱ་བའི་ལངས་ཕྱོགས་ཇེ་བརྟན་དུ་གཏོང་བ། ཆབ་སྲིད་རང་བཞིན་ཇེ་བརྟན་དུ་གཏོང་བ་དང་ཁྲིམས་མཐུན་རང་བཞིན་བརྟན་སྲུང་བྱེད་པ། ཁྲིམས་འཛུགས་ཐད་ཀྱི་ཉེན་ཁར་ཞིབ་འཇུག་བརྡར་གཅོད་གང་ལེགས་བྱས་ཏེ། ཁྲིམས་སྐྱོང་གཅིག་གྱུར་ལ་སྲུང་སྐྱོང་བྱེད་དགོས། གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ནས་ཉེན་རྟོག་ལག་རོགས་པའི་ཁྲིམས་འཛུགས་ལམ་ལུགས་ཇུས་འགོད་བཟང་བོ་བྱེད་པ་དང་། ཉེན་རྟོག་ལག་རོགས་པའི་དོ་དམ་ཚད་ལྡན་ཅན་དུ་བསྒྱུར་བར་བཀག་སྡོམ་བྱེད་པའི་མངོན་སུམ་གནད་དོན་ཐག་བཅད་དེ། ཁྲིམས་སྲོལ་གྱི་ཁ་གཏད་རང་བཞིན་དང་ལག་བསྟར་རང་བཞིན་ཇེ་དྲག་ཏུ་གཏོང་དགོས། སྲིད་གཞུང་གི་ཁྲིམས་འཛུགས་བྱ་བའི་ཁྲོད་ཀྱི་ནུས་པ་གལ་ཆེན་འདོན་སྤེལ་གང་ལེགས་བྱས་ནས། ཉེན་རྟོག་ལག་རོགས་པའི་དཔུང་སྡེའི་འགན་སྒྲུབ་བྱ་བའི་མཉམ་ཤུགས་གཅིག་ཏུ་བསྒྲིལ་དགོས། གོ་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་ལག་བསྟར་བྱེད་རྒྱུ་དེ་ཁྲིམས་འཛུགས་བྱ་བའི་གོ་རིམ་ཧྲིལ་པོར་ཁྱབ་པར་བྱེད་པ་དང་། ཕྱོགས་སོ་སོའི་གྲོས་གཞི་དང་བསམ་ཚུལ་ལ་ཉན་ནས། སྤྱི་ཚོགས་རིང་ལུགས་ཀྱི་དམངས་གཙོ་ཆབ་སྲིད་ཀྱི་དགེ་མཚན་མངོན་པར་བྱེད་དགོས།
ཁྲིམས་འཛུགས་རྟོག་ཞིབ་བྱེད་སྐབས། མཉམ་འབྲེལ་སྒོས་ཁྲིམས་སྲོལ་ཁྱབ་གདལ་དྲིལ་སྒྲོག་རྟོག་ཞིབ་བྱ་བ་སྤེལ།