མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཁྲམ་པའི་ནག་ཉེས་བཟོས་ན་ཉེས་ཆད་ག་འདྲ་གཅོད་དགོས།

​མདོ་སྡེ་རྒྱལ།  2022-08-19 12:12:56 

གྱོད་དཔེ།

དཔལ་འབུམ་བཙོན་གྲོན་བཏང་ནས་ཕྱིར་ཕ་ཡུལ་དུ་ལོག་འདོད་ཀྱང་ཁོས་སྔར་བྱས་ཀྱི་བྱ་བ་རེ་རེར་ཞིབ་འདང་རེ་བརྒྱབ་ཚེ་ངོ་མ་ངོ་གནོངས་དགོས་པ་ཞིག་རེད།ཡང་གཅིག་བཤད་ན།ཁོའི་ཕ་མ་གཉིས་སྔ་མོ་ནས་འདས་ཟིན་པས།ཕུ་བོ་སྲུ་མོ་གཉིས་ཀྱིས་ཁྱིམ་དུ་ལོག་དགོས་པ་དང་།ཁོའི་སྲུ་མོ་ནི་བུད་མེད་གདུག་རྩུབ་ཅན་ཞིག་ཡིན་པས་ཁོ་རང་གཏན་ནས་ཕ་ཡུལ་དུ་ལོག་མ་འདོད།ཁོ་རང་དང་ཐོག་ཟི་ལིང་དང་ལྷ་ས་བཅས་ཀྱི་གླུ་གར་ཁང་དང་ཆང་ཁང་།ཁྲུས་ཁང་བཅས་སུ་སོང་སྟེ་གླ་བརྒྱབ་སྟེ་ཡོང་སྒོ་རེ་བཙལ་ཅི་ཐུབ་བྱས།

     ན་ནིང་ནས་བཟུང་།ཁོ་རང་ན་གོར་མོ་གྲོང་ཁྱེར་དུ་སོང་སྟེ་ཆང་ཀང་ཆུང་ཆུང་ཞིག་གཉེར་ཞོར་དུ་ཤོ་རྒྱག་རྒྱལ་འཇོག་གི་ལས་ལ་ཞུགས་ཏེ་སྒོར་མོ་འབོར་ཆེན་ཞིག་ལག་ཏུ་ཐོབ་མར་མ་ཟད།རྒྱུན་དུ་འཁྱམ་པོ་སྐོར་ཞིག་བཙལ་ཏེ་རྡུང་རེས་རྒྱག་པ་དང་འཕྲོག་བཅོམ་བྱེད་པ།ཤོ་ཁང་ཕྱེས་པ་སོགས་བྱས་རྗེས་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱི་འཛིན་བཟུང་བྱས།

     ད་ལོར།དཔའ་འབུམ་གྱིས་ཁྲམ་པའི་ནག་ཉེས་བཟོས་ཡོད་པས་མི་དམངས་ཁྲིམས་ཁང་གིས་ལོ་བཅུ་བཞི་ཡི་དུས་བཀག་བཙོན་འཇུག་བྱས།

ཕྲན་དཔྱད།

     གོང་གི་གྱོད་དཔེ་འདིར་མཚོན་ན།ཁྲམ་པའི་ནག་ཉེས་ཟེར་བ་ནི་མང་ཚོགས་བསྡུས་ནས་རྡུང་རེས་རྒྱག་པ་དང་བསྙད་བརྐོས་ནས་དོན་རྐྱེན་བཟོ་བ།བུད་མེད་ལ་བརྙས་བཅོས་བྱེད་པའམ་ཡང་ན་ཁྲམ་པའི་བྱ་འགུལ་གཞན་བྱེད་པ།སྤྱིའི་སྒྲིག་རིམ་གཏོར་བརླག་བྱེད་པ་དང་བྱུང་རིམ་ཚབས་ཆེ་བའི་བྱ་སྤྱོད་སོགས་ལ་ཟེར་བ་རེད།

     ཉེ་ལམ་ལོ་ཤས་རིང་ལ།ཁྲམ་པའི་བྱ་འགུལ་དེ་གྲོང་ཁྱེར་དང་གྲོང་གསེབ་ཏུ་མ་ཟད།འབྲོག་ཕྱོགས་སུའང་ཅུང་ཟད་ཚབས་ཆེ།ནག་ཉེས་བྱ་འགུལ་འདིའི་རིགས་རང་བཞིན་གཏུམ་པོ་ཡིན་པས་སྔར་ནས་མང་ཚོགས་རྣམས་སྙིང་ནད་ཆེ།ཁྲམ་པ་ནི་སྤྱིའི་སྒྲིག་སྲོལ་ལ་གཏོར་བརླག་གི་བྱ་བ་ཆེད་དུ་གཉེར་བ་དེ་དགའ་མགུའི་ལས་ཤིག་ཏུ་བྱས་ཏེ།ནམ་རྒྱུན་སྐོར་དང་སྐོར་བྱས་ནས་རྡུང་རེས་རྒྱག་པ་དང་།བསྙད་བརྐོས་ནས་དོན་རྐྱེན་བཟོ་བ།བུད་མེད་བརྙས་བཅོས་བྱེད་པ།མངོན་སུམ་འཛེམ་མེད་ཀྱིས་མི་བྱེད་དགུ་བྱེད་བྱེད་པ་སོགས་བྱས་ནས་སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་ཚབས་ཆེན་གཏོང་མཁན་སྐོར་ཞིག་ཡིན།ཁྲམ་པའི་ནག་ཉེས་བྱ་འགུལ་འདི་དག་ལ་རྦད་ཆོད་ཀྱིས་རྡུང་རྡེག་མ་བྱས་ན།སྤྱི་ཚོགས་ཀྱི་སྒྲིག་རིམ་སྲུང་སྐྱོང་བྱེད་དཀའ་ཞིང་།སྤྱི་དམངས་ཀྱི་མི་ལུས་རང་དབང་དང་རྒྱུ་ནོར་གྱི་དབང་ཆར་ནུས་པ་དང་ལྡན་པའི་སྒོ་ནས་སྲུང་སྐྱོང་བྱེད་དཀའ་བ་གསལ་པོར་ཤེས།ཁྲམ་པའི་ནག་ཉེས་ཀྱི་མཚོན་སྟངས་ངོ་མ་རིགས་འགའ་ཡོད་པ་གཤམ་གསལ་ལྟར།

     1. མི་མང་བསྡུས་ནས་རྡུང་རེད་རྒྱག་པ་ནི།རྟག་ཏུ་ཁྲམ་པའི་ཚོགས་ཁག་བར་བུ་རྡུང་རེས་བྱེད་པས་མཚོན།མི་མང་བསྡུས་ནས་རྡུང་རེས་རྒྱག་པའི་རྒྱུ་རྐྱེན་ལ་ལ་ནི་ཕྱོགས་གཅིག་ཁོ་ནས་དབང་བུ་བསྡུ་ཆེད་ངོ་ཡའི་ཕྱོགས་གཅིག་འདུལ་བ་ཡིན།ལ་ལ་ནི་རང་གི་ཚོགས་པའི་མི་སྣར་ཚོགས་པ་གཞན་པས་ཐེ་གཏོགས་བཏང་བས་གྲོགས་པོ་ཚོའི་ལ་རྒྱ་བཟུང་ནས་འཁོན་སླན་སློག་ཆེད་ཡིན་ཞིང་།ལ་ལ་ནི་དོན་དག་ཕྲན་བུ་ཙམ་གྱིས་རྐྱེན་བྱས་ཏེ།གཏམ་གླེང་བར་མཐུན་མ་བྱུང་ནས་ལག་འགུལ་བ་རེད།རྡུང་རེས་རྒྱག་ཆེད་ཕན་ཚུན་ཕྱོགས་གཉིས་ཀར་གྲ་སྒྲིག་ཡོད་ཅིང་།ཞུགས་པའི་མིའམང་མང་བས་རྟག་ཏུ་རྨས་པ་དང་ཤི་བའི་གནས་ཚུལ་འབྱུང་བཞིན་ཡོད།

     2. བརྙད་བརྐོས་ནས་དོན་རྐྱེན་བཟོ་བ།འདི་ནི་ཁྲམ་པའི་བྱ་འགུལ་ཁྲོད་དུ་ཅོང་ཁྱབ་གདལ་དུ་གནས་པའི་རྣམ་པ་ཞིག་ཡིན།གཙོ་བོ་ཐུན་མོང་གི་ཚོགས་རར་བྱུང་བ་རེད།ཐུན་མོང་གི་སྒྲིག་སྲོལ་མི་བརྩི་བ་དང་།བསམ་བཞིན་དོན་མེད་པར་དོན་འཚོལ་བ།མང་པོས་ལྷན་དུ་འུར་བརྒྱབ་ནས་གཏོར་བརླག་བྱེད་པ།མི་མང་གི་མདུན་ནས་རང་དགར་བསྙད་བརྐོ་བ།རྐྱེན་གང་ཡང་མེད་པར་གམ་དུ་འགྲོ་བའི་མི་ར་རྡུང་བ།རྒྱུ་ནོར་འཕྲོག་པ།སྤྱིའི་སྒྲིག་རིམ་ལ་གཏོར་བརླག་གཏོང་བ་བཅས་སོ། །

     3. བུད་མེད་ལ་བརྙས་བཅོས་བྱེད་པ།ཁྲམ་པའི་མ་རབས་ཐ་ཤལ་གྱི་བྱ་འགུལ་དང་སྐད་ཆས་མེུད་མེད་ཚོར་བསྙད་བརྐོ་དང་འཆལ་རྩེད་བྱེད་པ་ནི་ཆེས་ཁྱབ་གདལ་གྱི་ཁྲམ་པའི་བྱ་འགུལ་ཐབས་ཤིག་རེད།མངོན་སུམ་འཛེམ་མེད་ཀྱིས་བུད་མེད་ཀྱི་རྗེས་བསྙེག་པ།ཁྲམ་པས་བུད་མེད་ལ་བརྙས་བཅོས་བྱེད་པར་སྤྱིར་བཏང་གིས་ཕ་རོལ་པ་ངེས་གཏན་ཞིག་མེད་པར།བུད་མེད་ན་ཆུང་མཐོང་ཚེ་སྨྱོ་སེམས་དྲན་ནས་བསྙད་བརྐོ་དང་བརྙས་བཅོས་བྱེད་པ་ཡིན།

     4. ཁྲམ་པའི་བྱ་འགུལ་གཞན།གོང་དུ་བརྗོད་ཟིན་པའི་ཁྲམ་པའི་བྱ་འགུལ་ལས་གཞན།ད་དུང་ཁྲམ་པའི་དམིགས་ཡུལ་ལྡན་པའི་བྱ་འགུལ་ཐ་ཤལ་ཡོད་པར།མི་མང་འཚང་བའི་ཐུན་མོང་གི་ཚོགས་རའི་ནང་ནས་ལྐོག་ཏུ་བུད་མེད་ཚོའི་སྟོན་གོས་དང་རྐང་སྣམ།སྐྲ་སོགས་འབྲེག་པ་དང་།བུད་མེད་ཚོའི་ལུས་ལ་མཆིལ་མ་འདེབས་པ།སིལ་ཤུན་འཕེན་པ།བུད་མེད་ཚོའི་ནུ་མ་དང་རྐུབ་ལ་གཙགས་པ་སོགས་སོ། །

     ཁྲམ་པའི་བྱ་འགུལ་གྱི་ཁྱད་ཆོས་ལ་དམིགས་འབེན་གཏན་འཁེལ་ཞིག་མེད་ཅིང་།དེའི་དམིགས་ཡུལ་ནི་ངེས་ཅན་ཞིག་ལ་ཐེ་གཏོགས་གཏོང་རྩིས་དང་།ཡང་ན་རྒྱུ་ནོར་ངེས་ཅན་ཞིག་ལེན་རྩིས་མེད་དེ།མང་ཚོགས་ལ་གནོད་སྐྱོན་གཏོང་བའི་ཁྲམ་པའི་བྱ་འགུལ་ལས་དགའ་མགུ་བྱེད་པའི་ངན་སེམས་བཅངས་ཏེ།སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བ་དེ་ཡིན།

     ཉེས་ཁྲིམས་ཀྱི་དོན་ཚན160པའི་གཏན་འཁེལ་ལྟར་ན།ཁྲམ་པའི་ནག་ཉེས་བཟོས་པར།ལོ7མན་ཆད་ཀྱི་དུས་བཀག་བཙོན་འཇུག་དང་འཛིན་འགོག་གམ་ཡང་ན་དོ་དམ་སོགས་ཀྱི་ཉེས་ཆད་གཅད་དགོས་ཤིང་།ཁྲམ་པའི་ཚོགས་ཁག་གི་གཏེ་བོར་ལོ7ཡན་ཆད་ཀྱི་དུས་བཀག་བཙོན་འཇུག་གི་ཉེས་ཆད་གཅད་དགོས།

ཁྲམ་པའི་ནག་ཉེས་བྱ་འགུལ་ནི།སྤྱི་ཚོགས་ཀྱི་དོ་དམ་སྒྲིག་རིམ་ལ་གཏོར་བརླག་དང་།སྤྱི་ཚོགས་ཀྱི་བདེ་འཇགས་ལ་གནོད་སྐྱོན་གཏོང་བའི་ནག་ཉེས་རིགས་ཤིག་ཡིན།སྤྱི་ཚོགས་བདེ་འཇགས་རྩ་བ་ནས་ལེགས་འགྱུར་ཡོང་བར་བརྩོན་ལེན་བྱ་ཆེད།སྐབས་དྲུག་པའི་མི་དམངས་འཐུས་མི་ཚོགས་ཆེན་ཐེངས་གཉིས་པའི་ཐོག་ཁྲམ་པའི་ནག་ཉེས་བཟོ་མཁན་ལ་ཉེས་ཆད་ལྕི་མོ་གཅོད་པར་ཐག་བཅད་པ་དང་།ཁྲམ་པའི་ནག་ཉེས་ཚོགས་ཁག་གི་གཏེ་བོ་དང་།ཡང་ན་ཁྲམ་པའི་ནག་ཉེས་བྱ་འགུལ་བསྒྲུབས་ནས་གནོད་སྐྱོན་ཧ་ཅང་ཚབས་ཆེ་བ་དང་།ཡང་ན་མཚོན་ཆ་བཟུང་ནས་ཁྲམ་པའི་བྱ་འགུལ་ལ་ཞུགས་ཤིང་གནས་ཚུལ་ཚབས་ཆེ་བར་ཉེས་ཁྲིམས་ལ་གཏན་འཁེལ་བྱས་པའི་ཉེས་ཆད་མཐོ་བའི་ཡན་ཆད་ནས་ཉེས་ཆད་གཅོད་པ་དང་།ཐ་མ་སྲོག་ཆད་བཅད་ཆོག་ཅེས་གཏན་འཁེལ་བྱས་ཡོད།

རྩོམ་སྒྲིག་པ། ​མདོ་སྡེ་རྒྱལ།