མཚོ་སྔོན་ཞིང་ཆེན་ཏང་ཨུའི་རྒྱུན་ལས་ཨུ་ཡོན། མཚོ་ཤར་གྲོང་ཁྱེར་གྱི་ཏང་ཨུའི་ཧྲུའུ་ཅི་ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལིས་ཧན་གྱིས་ཉེ་སྔོན་མཚོ་ཤར་གྲོང་ཁྱེར་འཕྲིན་བཅར་ཅུའུ་ནས་མང་ཚོགས་ལ་སྣེ་ལེན་བྱེད་སྐབས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་འཕྲིན་བཅར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་གཏིང་ཟབ་ཏུ་སློབ་སྦྱོང་བྱས་ཤིང་། ཕྱོགས་ཡོངས་ནས་འཕྲིན་བཅར་བྱ་བའི་སྲོལ་ཡིག་ལག་ལེན་དངོས་འབེབས་བྱས་ཏེ། མི་དམངས་བླ་རུ་བཀུར་བ་རྒྱུན་འཁྱོངས་དང་། མང་ཚོགས་ཀྱི་རེ་འདུན་གཅིག་བསྡུས་སྒོས་ཐོག་མཐའ་བར་གསུམ་དུ་མི་དམངས་མང་ཚོགས་དང་མཉམ་དུ་སྡོད་དགོས་ལ། བརྩེ་བ་ཆེན་པོས་མང་ཚོགས་ཀྱི་འཕྲིན་བཅར་བྱ་བ་བཟང་པོར་སྒྲུབ་སྟེ་ཧུར་ཐག་སྒོས་འཆམ་མཐུན་དང་གཏན་འཇགས་ཀྱི་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས།
མང་ཚོགས་སྣེ་ལེན་བྱེད་སྐབས། ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལིས་ཧན་གྱིས་ལི་ཏུའུ་ས་ཁུལ་གྲོ་ཚང་གྲོང་རྡལ་ཧོང་གྲོང་སྡེ་བ་དང་ཞུའུ་ཅཱ་ཐེ་སྡེ་བའི་མང་ཚོགས་ཀྱི་སྡོད་ཁང་བཀོད་སྒྲིག་གནས་ཚུལ་སྐོར་གྱི་སྙན་ཞུ་ལ་ནན་ཏན་གྱིས་ཉན་པ་དང་། འཕྲིན་བཅར་བྱ་བ་དེའི་བརྒྱུད་རིམ་ཞིབ་ཏུ་དྲིས་པར་མ་ཟད། འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དང་གྲོས་མོལ་བྱས་ཏེ། རེ་རེ་བཞིན་དུ་ཐག་གཅོད་བསམ་འཆར་དང་ཐག་གཅོད་བྱེད་ཐབས་བཏོན།
ཝུའུ་ལཱ་ཙི་པེ་ཁི་རི་སུའུ་ལིས་ཧན་གྱིས་ནན་གྱིས་བསྟན་དོན། མང་ཚོགས་ཀྱིས་འཕྲིན་བཅར་ཐབས་ལམ་ལ་བརྟེན་ནས་གནད་དོན་ཡར་ཞུ་བྱེད་པ་ནི་ཏང་དང་སྲིད་གཞུང་ལ་ཡིད་ཆེས་ཡོད་པས་རེད། ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་གཞུང་དོན་དུ་ཏང་འཛུགས་པ་དང་དམངས་དོན་དུ་སྲིད་སྐྱོང་བའི་འདུ་ཤེས་སྲ་བརྟན་དུ་ཆགས་པར་བྱས་ཤིང་། རྒྱུན་ཆད་མེད་པར་ཆེས་རྒྱ་ཆེ་བའི་མི་དམངས་ཀྱི་གཞི་རྩའི་ཁེ་ཕན་མངོན་འགྱུར་དང་། དེར་སྲུང་སྐྱོབ་དང་དངོས་འབེབས་གང་ལེགས་བྱས་ཏེ། སྔར་ལས་ལྷག་པའི་སྒོ་ནས་ཏང་གི་སྲིད་སྐྱོང་རྨང་གཞི་ཇེ་བརྟན་དུ་གཏོང་དགོས། བྱ་བའི་འགན་འཁྲི་དངོས་འབེབས་བྱས་ཏེ་འཕྲིན་བཅར་ལས་བྱེད་པའི་བྱ་སྤྱོད་དང་ནུས་པའི་འཛུགས་སྐྲུན་ལ་ཤུགས་སྣོན་བྱས་ནས། ནན་ཏན་གྱིས་ཏང་སྲིད་འགན་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས་ཀྱི་བྱེད་ཐབས་དངོས་འབེབས་བྱས་ཐོག་འཕྲིན་བཅར་བྱ་བར་དམ་འཛིན་དང་དོ་དམ་བྱེད་མཁན་ཡོད་པར་འགན་སྲུང་བྱེད་དགོས། བཅའ་ཁྲིམས་དང་སྒྲིག་སྲོལ་རྒྱུན་འཁྱོངས་བྱས་ཤིང་། གནད་དོན་ལ་ཞིབ་འཇུག་མཐིལ་ཕྱིན་བྱེད་པ་དང་སྲིད་ཇུས་དངོས་འབེབས་བྱེད་པ། མང་ཚོགས་ཀྱི་ཁེ་ཕན་གཙོ་བོར་འབྲེལ་བའི་འཕྲིན་བཅར་གནད་དོན་ཐག་གཅོད་གང་ལེགས་བྱས་ནས། ཟོལ་མེད་ཀྱིས་མང་ཚོགས་ཀྱི་ཁྲིམས་མཐུན་ཁེ་ཕན་ལ་སྲུང་སྐྱོབ་བྱེད་དགོས། འབྱུང་རྩའི་བཅོས་སྐྱོང་ལ་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་གྱི་འཕྲིན་བཅར་རྩད་ཞིབ་ཆེད་དོན་འགུལ་སྐྱོད་སྤེལ་ཏེ། འགོག་སྒོ་སྔ་སྣུར་དང་ལྗི་ཡང་དལ་བྲེལ་གསལ་བོར་དབྱེ་བ་དང་། ཟོལ་མེད་ཀྱིས་གནད་དོན་དེ་གཞི་རིམ་ནས་ཐག་གཅོད་བྱེད་པ་དང་འགལ་བ་དེ་མགོ་འབུས་བྱུང་མ་ཐག་ཞི་འཇགས་སུ་གཏོང་བ་རྒྱུན་འཁྱོངས་བྱེད་དགོས་ཟེར།