ཟླ8པའི་ཚེས7ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གིས་ན་གོར་མོ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དེ་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་སར་གཏན་འཁེལ་བྱེད་པའི་མཛད་སྒོ་ན་གོར་མོ་གྲོང་ཁྱེར་དུ་བསྡུས། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་ཁྲིམས་ལུགས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ཞུས་ཨན་པེའོ་དང་། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པ་མཱ་ཝེ་གཉིས་མཛད་སྒོར་ཞུགས་ནས་གཏམ་བཤད།
ཞུས་ཨན་པེའོ་ཡིས་བསྟན་དོན། ཏང་གི་སྐབས་བཅོ་བརྒྱད་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པས་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་སའི་ལམ་ལུགས་འཛུགས་རྒྱུ་གསལ་བོར་བཏོན་ཡོད། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་ས་དེ་དམངས་ཀྱི་འདོད་བློ་དང་དམངས་དོན། དམངས་ཀྱི་བློ་གྲོས་བཅས་མཚོན་པའི་རྟེགས་བུ་གལ་ཆེན་དང་རྟེན་གཞི་གཙོ་བོ་ཞིག་ཡིན་པ་ལག་ལེན་ལས་ར་སྤྲོད་བྱས་ཡོད་ལ། འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་བོའི་མི་དམངས་དམངས་གཙོ་དང་། རྒྱལ་ཁབ་ཁྲིམས་སྐྱོང་ཕན་ནུས་ཇེ་མཐོར་གཏོང་བར་དོན་སྙིང་གལ་ཆེན་ལྡན། ན་གོར་མོ་གྲོང་ཁྱེར་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ས་གནས་ཀྱི་ཁྱད་ཆོས་དགེ་མཚན་འདོན་སྤེལ་གང་ལེགས་བྱས་ཏེ། ཏང་ཨུའི་མགོ་ཁྲིད་དང་དམངས་ཆེན་གཙོ་ཁྲིད། སྲིད་གཞུང་རྒྱབ་རྟེན། ཕྱོགས་སོ་སོ་ཞུགས་པ་བཅས་ཀྱི་བྱ་བའི་རྣམ་པ་གྲུབ་པར་བྱེད་པ་དང་། བྱ་བའི་རྐྱེན་སྲོལ་ལེགས་བཅོས་བྱེད་དགོས། མགོ་བཟང་པོ་རྩོམ་པ་དང་གོམ་པ་ཡག་པོ་སྤོས་ནས་རྒྱལ་ཁབ་ཁྲིམས་འཛུགས་ཀྱི་ཤར་བགྲོད་རླངས་འཁོར་ལྟ་བུའི་བཀོལ་སྤྱོད་ནུས་པ་འདོན་སྤེལ་ཡག་པོ་བྱེད་པ་དང་། ཁྱད་ལྡན་ཚོང་རྟགས་བསྐྲུན་པ་དང་རྒྱལ་ཡོངས་སྔོན་གྲས་སུ་བསྐྱོད་པའི་རྣམ་པ་གྲུབ་པར་བྱེད་པ། གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་སའི་བྱ་བའི་སྤུས་ཚད་དང་ཕན་འབྲས་ཇེ་མཐོར་འགྲོ་བར་སྐུལ་འདེད་བཏང་སྟེ་ཆུ་ཚད་སྔར་ལས་མཐོ་བར་བྱས་ནས་རྒྱལ་ཁབ་ཁྲིམས་འཛུགས་བྱ་བར་ན་གོར་མོ་གྲོང་ཁྱེར་གྱི་ཉམས་མྱོང་དང་ཇུས་གཞི་འདོན་སྤྲོད་བྱེད་དགོས།
མཱ་ཝེ་ཡིས་བསྟན་དོན། ན་གོར་མོ་གྲོང་ཁྱེར་དང་ཞིང་ཆེན་ཡོངས་ཀྱི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་ས་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་བཏོན་པའི་བླང་བྱ་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་མཐའ་གཅིག་ཏུ་ལག་བསྟར་བྱེད་པ་དང་། འགན་འཁྲི་ཁག་ཁུར་ཇེ་དྲག་དང་བྱ་བའི་བྱེད་ཐབས་ཇེ་ཞིབ་ཏུ་གཏོང་དགོས། ཁྲིམས་འཛུགས་འབྲེལ་གཏུག་བྱེད་སའི་ནུས་པའི་འཛུགས་སྐྲུན་མུ་མཐུད་དུ་མཐོར་འདེགས་བཏང་སྟེ་ཁྲིམས་འཛུགས་འབྲེལ་གཏུག་བྱེད་སའི་གསར་གཏོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་། ཁྲིམས་འཛུགས་འབྲེལ་གཏུག་བྱེད་སའི་བྱ་བའི་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་ལ་སྐུལ་འདེད་གཏོང་དགོས། ཁྲིམས་འཛུགས་འབྲེལ་གཏུག་བྱེད་སའི་བྱ་བའི་ལམ་ལུགས་ལེགས་བཅོས་བྱས་ཏེ། ཁྲིམས་འཛུགས་ཀྱི་མང་ཚོགས་རྨང་གཞི་དང་ལག་ལེན་རྨང་གཞི། བྱ་བའི་རྨང་གཞི་བཅས་བརྟན་པོ་བཟོས་ནས། དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་པར་ནུས་ཡོད་ཀྱི་ཁྲིམས་སྐྱོང་འགན་སྲུང་འདོན་སྤྲོད་བྱེད་དགོས།