མདུན་ངོས། བློ་སྟོན་ཁྲིམས་ཁང་། བཅའ་ཁྲིམས་རྒྱུན་ཤེས། གངས་ལྗོངས་ཁྲིམས་ར། དཔེ་མཚོན་གྱོད་དཔེ། རྩོམ་རིག བརྙན་ཟློས།

ཏེན་ཀྲུང་ལིས་ཀྱིས་ཁྲིམས་བསྟར་ཞིབ་བཤེར་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་བྱ་བར་ཞིབ་བཤེར་བྱས་པ།

  2022-07-21 11:31:08 

ཟླ7པའི་ཚེས17ཉིན་ནས་ཚེས20ཉིན་བར། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཏེན་ཀྲུང་ལིས་ཀྱིས་ཞིབ་བཤེར་ཚོགས་པ་ཁྲིད་དེ་མཚོ་སྔོན་དུ་ཡོང་ནས་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ཀྱི་ཁྲིམས་བསྟར་བྱ་བར་ཞིབ་བཤེར་བྱས། ཚེས17ཉིན། ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་བྱེད་པའི་བྱ་བའི་སྙན་ཞུའི་གྲོས་ཚོགས་ཟི་ལིང་དུ་བསྡུས་པ་དང་། མཚོ་སྔོན་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་གཞོན་པ། ཧྲིན་ཀྲང་ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་བྱ་བའི་སྙན་ཞུ་ཕུལ། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་རེན་གཞོན་པ་ཡུས་ཚུང་ལི་ཡིས་མགོ་འཛིན་བྱས་ཏེ་གཏམ་བཤད། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་དང་། ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ལིའུ་ཐའོ་གྲོས་ཚོགས་དང་ཞིབ་བཤེར་ལ་ཞུགས། ཞིང་ཆེན་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ཡོན་ཀྲང་ཀྲང་ཙིག་ཅུན་གྲོས་ཚོགས་ལ་ཞུགས།

ཏེན་ཀྲུང་ལིས་ཀྱིས་མཚོ་སྔོན་ཞིང་ཆེན་གྱི་འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་དོན་ཁག་ལ་ཁས་ལེན་གང་ལེགས་བྱས། ཁོས་བསྟན་དོན། མཚོ་སྔོན་ཞིང་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་གྱི་བྱ་བའི་ཐད་གནང་བའི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་ནན་མོ་བྱས་ཏེ། ཐོག་མཐའ་བར་གསུམ་དུ་མཚོ་སྔོན་གྱི་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་ལེགས་པོ་བྱེད་རྒྱུ་ནི་རྒྱལ་དོན་གྱི་ཆེ་ཕྱོགས་ཡིན་པའི་མངག་བཅོལ་ཡིད་ལ་དམ་འཛིན་དང་། སྐྱེ་ཁམས་སྲུང་སྐྱོང་སྔོན་ལ་འཇོག་པ་རྒྱུན་འཁྱོངས་བྱེད་པ། འཕེལ་རྒྱས་གསར་བའི་གཞུང་ལུགས་ལག་བསྟར་བྱེད་པ། ལྗང་མདོག་འཕེལ་རྒྱས་ལ་མུ་མཐུད་དུ་སྐུལ་འདེད་གཏོང་བ། མགོ་ཁུངས་འགན་འཁྲི་མཐའ་གཅིག་ཏུ་ཕྲག་ཏུ་ཁུར་བ། ཁྲིམས་ལུགས་ལག་བསྟར་བྱེད་པའི་འགན་འཁྲིའི་མ་ལག་དང་བྱ་བའི་རྐྱེན་སྲོལ་ཆ་ཚང་བཙུགས་ཏེ། འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ནུས་ལྡན་གཏིང་ཟབ་ཏུ་ལག་བསྟར་བྱེད་པར་སྐུལ་འདེད་བཏང་ནས། རྨ་འབྲི་རྫ་གསུམ་འབྱུང་ཡུལ་གྱི་སྐྱེ་ཁམས་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་བླངས་ཡོད་ཟེར།

ཏེན་ཀྲུང་ལིས་ཀྱིས་ནན་གྱིས་བསྟན་དོན། འབྲི་ཆུར་སྲུང་སྐྱོབ་བྱེད་པ་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་དང་འབྲེལ་བ་ཡོད་ལ། མི་རབས་ནས་མི་རབས་བར་གྱི་བྱ་བ་དང་འབྲེལ་ཡོད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་འབྲི་ཆུའི་སྲུང་སྐྱོབ་ལ་ཚད་མཐོའི་མཐོང་ཆེན་གནང་བར་མ་ཟད་ཐེངས་གང་མང་ལ་མཛུབ་སྟོན་གལ་ཆེན་གནང་ཡོད། ང་ཚོས་སྔར་ལས་ལྷག་པར་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དང་ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པར་སློབ་སྦྱོང་ཟབ་མོ་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་བླང་བྱ་གལ་ཆེན་ལག་བསྟར་དང་དངོས་འབེབས་ནན་མོ་བྱེད་དགོས། འབྲི་ཆུ་ལ་སྲུང་སྐྱོང་བྱེད་པའི་ཆབ་སྲིད་རང་རྟོགས་དང་འགུལ་སྐྱོད་རང་རྟོགས་ཇེ་དྲག་ཏུ་བཏང་ནས་འབྲི་ཆུའི་སྐྱེ་ཁམས་སྲུང་སྐྱོང་གི་ཕྱོགས་སོ་སོའི་བྱ་བ་ཞིབ་ཚགས་ཀྱིས་དངོས་སྒྲུབ་བྱེད་དགོས། འབྲི་ཆུའི་མགོ་ཁུངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ཐད་མཚོ་སྔོན་གྱིས་འགན་འཁྲི་གལ་ཆེན་ཁུར་ཡོད་པས། ཞིབ་འཇུག་གཏིང་ཟབ་དང་ས་ཆུ་ཤོར་བ་དང་། རྩྭ་ས་ཞན་འགྱུར་སོགས་ཀྱི་འབུར་ཐོན་གནད་དོན་ཐག་གཅོད་བྱས་ནས་མགོ་ཁུངས་ས་ཆའི་གདོད་མའི་སྐྱེ་ཁམས་ལ་སྲུང་སྐྱོང་ལེགས་པོ་བྱེད་དགོས། བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་པ་བྱས་ཏེ། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ནང་གསལ་སྟོན་བྱས་པའི་ལམ་ལུགས་གལ་ཆེན་དང་གཏན་འབེབས་ཁོང་དུ་ཆུད་པར་བྱས་ནས། བཅའ་ཁྲིམས་ཁྱོན་ཡོངས་ནས་ལག་བསྟར་ནུས་ལྡན་བྱེད་ཐུབ་པར་སྐུལ་འདེད་གཏོང་བ་དང་། གཙང་ཆུ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བར་ཁག་ཐེག་བྱེད་དགོས།

ཝུའུ་ཞའོ་ཅུན་གྱིས་ཞིང་ཆེན་ཏང་ཨུ་དང་། ཞིང་ཆེན་སྲིད་གཞུང་གི་ཚབ་བྱས་ཏེ་ཞིབ་བཤེར་ཚན་ཆུང་ལ་དགའ་བསུ་དང་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། ང་ཚོས་བློ་བརྟན་འགྱུར་མེད་ངང་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན་ལ་རྟོག་ཞིབ་མཛད་སྐབས་ཀྱི་གསུང་བཤད་དགོངས་དོན་གལ་ཆེན་དངོས་འབེབས་ཟབ་མོ་བྱེད་པ། ཞིབ་བཤེར་ཚན་ཆུང་གི་བྱ་བའི་བླང་བྱ་དངོས་འབེབས་ནན་མོ་དང་། འབྲི་ཆུ་སྲུང་སྐྱོབ་འཅའ་ཁྲིམས་ཁྱོན་ཡོངས་ནས་ཕན་འབྲས་ལྡན་པར་ལག་བསྟར་ཐུབ་པར་སྐུལ་འདེད་གཏོང་བ། སྐྱེ་ཁམས་བདེ་འཇགས་ལ་སྲུང་སྐྱོབ་དང་། རྨ་འབྲི་རྫ་གསུམ་འབྱུང་ཡུལ་ལ་སྲུང་སྐྱོང་། ཀྲུང་ཧྭའི་ཆུ་གཏེར་ལ་སྲུང་སྐྱོབ་བྱེད་པ་བཅས་ཀྱི་འོས་འགན་གལ་ཆེན་ཕྲག་ཏུ་བླངས་ནས་དེང་རབས་ཅན་གྱི་མཚོ་སྔོན་གསར་པ་འཛུགས་སྐྲུན་བྱེད་ཚད་ཇེ་མགྱོགས་སུ་གཏོང་བ་དང་། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཐོ་ས་བསྐྲུན་པའི་ཁྲོད་ཁག་ཁུག་གསར་བ་མངོན་པ་དང་། རྒྱལ་ཁབ་སྐྱེ་ཁམས་བདེ་འཇགས་ཀྱི་ཐད་ལ་བྱས་རྗེས་གསར་པ་འཇོག་རྒྱུ་ཡིན།

ཡུས་ཚུང་ལི་ཡིས་བསྟན་དོན། ཞིབ་བཤེར་ཚན་ཆུང་གིས་གོ་རིམ་རྗེས་མའི་བྱ་བར་བླང་བྱ་གསལ་བོ་བཏོན་པ་དེ་ནི། ང་ཚོས་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་བསྲུང་བྱ་གལ་ཆེན་དང་ནུས་ཡོད་ཁྲིད་སྟོན་སློབ་སྦྱོང་དང་དྲིལ་སྒྲོག་ལག་བསྟར་བྱེད་པ་ཡིན་པས། འབྲི་ཆུ་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དངོས་འབེབས་བྱེད་པ་དེ་སྲུང་སྐྱོང་གཉིས་སྒྲུབ་པའི་ཆབ་སྲིད་ཉམས་ལེན་དང་། ཁྲིམས་སྐྱོང་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན། མགོ་ཁུངས་འགན་འཁྲི་ཕྲག་ཏུ་འཁུར་བའི་རྩ་བའི་བྱེད་ཐབས་ཡིན། མགོ་ཁུངས་འདུ་ཤེས་བརྟན་པོ་འཛུགས་པ་དང་མགོ་ཁུངས་ཀྱི་བྱས་རྗེས་བཞག་ནས། གཙང་ཆུ་སྔོན་མོ་ལྷུང་ལྷུང་ཤར་དུ་བཞུར་བར་ཁག་ཐེག་བྱེད་རྒྱུ་ཡིན།

མཚོ་སྔོན་དུ་སྡོད་སྐབས། ཞིབ་བཤེར་ཚན་ཆུང་གིས་མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང་གི་རྒྱང་བསྟེན་རྟེགས་བུ་ལས་འབྲི་ཆུའི་མགོ་ཁུངས་ས་ཆའི་སྐྱེ་ཁམས་ཁོར་ཡུག་གི་རྣམ་པར་རྒྱུན་ལོན་དང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་དུ་འབྲི་ཆུའི་མགོ་ཁུངས་ས་ཆའི་སྐྱེ་ཁམས་ཉམས་གསོ་བཅོས་སྐྱོང་དང་། རྒྱལ་ཁབ་སྤྱི་གླིང་འཛུགས་སྐྲུན། འཐུང་ཆུའི་ཆུ་མགོ་སྲུང་སྐྱོང་ ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་སོགས་ཀྱི་གནས་ཚུལ་ལ་ཡུལ་དངོས་ནས་ཞིབ་བཤེར་བྱས་པ་དང་། དམངས་ཆེན་འཐུས་མི་དང་ཆེད་མཁས་པ། གཞི་རིམ་ཁྲིམས་བསྟར་མི་སྣ་སོགས་དང་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། ཁོ་ཚོའི་འབྲི་ཆུ་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བྱེད་པའི་ཐད་ཀྱི་བསམ་ཚུལ་ལ་ཉན།

རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་པུའུ་ཞའོ་ལིན་དང་། ལོས་ཚའེ་ཞ། ཀྲང་ཧྲུག་ཀུང་། རྒྱལ་ཡོངས་དམངས་ཆེན་ཁོར་ཡུག་དང་ཐོན་ཁུངས་སྲུང་སྐྱོང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཝང་ཅུན་དང་། ཀྲང་ཀོང་རོང་། རྒྱལ་ཡོངས་དམངས་ཆེན་གྱི་འཐུས་མི་ཝང་ཐའོ་དང་ཤ་བོ་སྒྲོལ་མ་བཅས་ཁྲིམས་བསྟར་ཞིབ་བཤེར་ལ་ཞུགས།

ཞིང་ཆེན་སྲིད་གཞུང་གི་ཧྲིན་ཀྲང་གཞོན་པ་ཁོང་ཡུང་མཉམ་དུ་ཞིབ་བཤེར་ལ་ཞུགས།

རྩོམ་སྒྲིག་པ། ནམ་མཁའ་ཚེ་རིང་།