ཟླ7པའི་ཚེས12ཉིན་ནས་ཚེས15ཉིན་བར་དུ། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་བོད་ལྗོངས་སུ། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ཁྲིམས་འཛུགས་ལས་དོན་ལ་རྟོག་ཞིབ་བྱས་ཏེ་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དགོངས་པས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོབ་ཁྲིམས་འཛུགས་ལས་དོན་ལ་མཛུབ་སྟོན་བྱས་ཏེ། བརྒྱུད་རིམ་ལྡན་པའི་ངང་སྲུང་སྐྱོང་བྱེད་པ་དང་མཉམ་དུ་སྲུང་སྐྱོང་བྱེད་པ། དམིགས་བསལ་ངང་སྲུང་སྐྱོབ་བྱེད་པ་བཅས་རྒྱུན་འཁྱོངས་བྱས་ནས། ཚན་རིག་གི་སྙིང་སྟོབས་ལ་བརྟེན་ནས་ལོ་རྒྱུས་དང་མི་དམངས་ཀྱི་ཚོད་བགམ་ཐེག་ཐུབ་པའི་བཅའ་ཁྲིམས་བཟང་པོ་ཞིག་བཟོ་དགོས།
ལིས་ཀྲན་ཧྲུའུ་ཡིས་བསྟན་དོན། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་བཟོ་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་དོན་འཁྱོལ་བྱེད་པའི་ཐབས་ཇུས་གལ་ཆེན་ཞིག་ཡིན། མདོ་དབུས་མཐོ་སྒང་གིས་རྒྱལ་ཁབ་དང་ཐ་ན་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བདེ་འཇགས་ཁྲོད་ནུས་པ་གལ་ཆེན་འདོན་གྱིན་ཡོད། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་བཅའ་ཁྲིམས་ནི་དམིགས་བསལ་གྱི་ས་ཁོངས་སྲུང་སྐྱོང་བཅའ་ཁྲིམས་ཤིག་ཡིན་ནའང་། དེའི་དོན་སྙིང་དང་ཤུགས་རྐྱེན་ནི་བཅའ་ཁྲིམས་སྤྱོད་གོ་ཆོད་པའི་ས་ཁོངས་ལས་ཆེས་ཆེར་བརྒལ་ཡོད། ཁྲིམས་འཛུགས་ཀྱི་སྤྱིའི་གཞི་གདངས་ནི་སྐྱེ་ཁམས་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁོངས་གོང་སྤེལ་གཏོང་བའི་གཞི་རྩའི་སྔོན་འགྲོའི་ཆ་རྐྱེན་དང་འགྱུར་མེད་གཅུན་སྡོམ་དུ་བརྩིས་ཏེ། སྐྱེ་ཁམས་སྲུང་སྐྱོང་གི་གཙོ་ཐིག་འདི་ཐོག་མཐའ་བར་གསུམ་དུ་ཁྱབ་པར་བྱ་དགོས།
ལིས་ཀྲན་ཧྲུའུ་ཡིས་ནན་གྱིས་བསྟན་དོན། ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློར་མངའ་བའི་འཇིག་རྟེན་ལྟ་བ་དང་བརྟག་ཐབས་སྨྲ་བས་མཛུབ་སྟོན་བྱས་ཏེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་སྐོར་གྱི་མཛུབ་སྟོན་གལ་ཆེན་དང་། ཏང་ཀྲུང་དབྱང་གི་ཇུས་ཆོད་བཀོད་སྒྲིག་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་འགྱུར་བ་བྱེད་དགོས། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དང་གོ་རིམ་ཡོད་པའི་ བསམ་ཕྱོགས་རྒྱུན་འཁྱོངས་བྱེད་པ། སྐྱེ་ཁམས་མ་ལག་གལ་ཆེན་སོ་སོའི་སྲུང་སྐྱོང་བཅོས་སྐྱོང་དང་སླར་གསོ། ཉེན་ཁ་སྔོན་འགོག་ཚོད་འཛིན་བཅས་ལ་ཤུགས་བསྣན་ནས། མདོ་དབུས་མཐོ་སྒང་གི་སྐྱེ་ཁམས་སྲུང་སྐྱོང་ལ་ཁྲིམས་སྐྱོང་གི་འགན་སྲུང་སྟོབས་དང་ལྡན་པ་འདོན་སྤྲོད་བྱ་དགོས།