ཟླ6པའི་ཚེས21ཉིན་གྱི་ཕྱི་དྲོར། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་སོ་ལྔ་པས་པེ་ཅིང་མི་དམངས་ཚོགས་ཁང་ཆེན་མོའི་ནང་དུ་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་བསྡུས། ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་ཚོགས་འདུར་མགོ་འཛིན་བྱས།
ཚོགས་ཐོག་ནས་རིམ་པ་བཞིན་རྒྱལ་ཡོངས་དམངས་ཆེན་གྱི་རྩ་ཁྲིམས་དང་བཅའ་ཁྲིམས་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཞུས་ཧུའེ་ཡིས་ཕུལ་བའི། ལུས་རྩལ་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་དང་། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ལིའུ་ཅི་ཞིན་གྱིས་ཕུལ་བའི་ས་ནག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧུའུ་ཁི་མིན་གྱིས་ཕུལ་བའི་སྒེར་སྡེམ་ལ་ངོ་རྒོལ་བྱེད་པའི་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲིན་ཁྲུན་ཡའོ་ཡིས་ཕུལ་བའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དོན་གྲོས་ལམ་སྲོལ་བཟོ་བཅོས་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུ་བཅས་ལ་ཉན།
ཚོགས་ཐོག་ནས་རྒྱལ་ཡོངས་དམངས་ཆེན་ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཨུ་ཡོན་གཞོན་པ་ཧྲི་ཡའོ་པིན་གྱིས་ཕུལ་བའི། 2021ལོའི་ཀྲུང་དབྱང་ངེས་རྩིས་འཆར་ཟིན་ལ་ཞིབ་བཤེར་བྱས་པའི་སྐོར་གྱི་གནས་ཚུལ་སྙན་ཞུར་ཉན། ནོར་སྲིད་དཔལ་འབྱོར་བྱ་བའི་ཨུ་ཡོན་ལྷན་ཁང་གིས2021ལོའི་ཀྲུང་དབྱང་གི་ངེས་རྩིས་ཀྱི་གནས་ཚུལ་སྤྱིའི་ཆ་ནས་ཡག་པོ་ཡོད་ཅིང་། སྔོན་རྩིས་སྐོར་གྱི་བཅའ་ཁྲིམས་ཀྱི་གཏན་འབེབས་དང་མཐུན་ཡོད་པས། འཆར་ཟིན་དེར་ཆོག་མཆན་སྤྲོད་རྒྱུའི་གྲོས་མགོ་འདོན་དགོས་པའི་ངོས་འཛིན་བྱས།
ཚོགས་ཐོག་ནས་ད་དུང་བསྐོ་འཐེན་གྱི་འབྲེལ་ཡོད་གྲོས་གཞིར་གྲོས་ཞིབ་བྱས།