ཟླ6པའི་ཚེས13ཉིན། མཚོ་སྔོན་ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་བརླན་ས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱེད་པའི་བཞུགས་མོལ་ཚོགས་འདུ་བསྡུས་ཏེ། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་བརླན་ས་སྲུང་སྐྱོབ་བཅའ་ཁྲིམས་ལག་བསྟར་བཞུགས་མོལ་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། རང་ཞིང་གི་བཅའ་ཁྲིམས་ལག་བསྟར་བྱ་བར་བཀོད་སྒྲིག་བྱས། ཞིང་ཆེན་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་ལིའུ་ཐུང་ཏི་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་དེ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་། ཆེས་ཆེ་བ་གསུམ་གྱི་ཞིང་ཆེན་གྱི་ངེས་གནས་དང་སྔར་ལས་གལ་ཆེ་བ་གསུམ་གྱི་ཐབས་ཇུས་གནས་བབ་ཐད་ཀྱི་ངོས་འཛིན་ཇེ་ཟབ་ཏུ་གཏོང་བ། ཆོད་སེམས་དང་ཤུགས་ཚད་སྔར་ལས་ཆེན་པོས་བརླན་ས་སྲུང་སྐྱོབ་བྱ་བའི་མཚོ་སྔོན་གྱི་ལེའུ་འབད་པས་འབྲི་དགོས་ཞེས་ནན་གྱིས་བསྟན།
ལིའུ་ཐུང་ཏི་ཡིས་བསྟན་དོན། མཚོ་སྔོན་ཞིང་ཆེན་མདོ་དབུས་མཐོ་སྒང་གི་དཀྱིལ་སྙིང་ཁུལ་ཁོངས་གཙོ་བོ་ཡིན་པའི་ཆ་ནས། བརླན་སའི་རྒྱ་ཁྱོན་རྒྱལ་ཡོངས་ཀྱི་ཨང་དང་པོ་ཡིན་པ་དང་སྐྱེ་ཁམས་གོ་གནས་ཧ་ཅང་གལ་ཆེ་ལ། སྐྱེ་ཁམས་སྲུང་སྐྱོང་འགན་འཁྲི་ཧ་ཅང་ལྕི། བརླན་ས་སྲུང་སྐྱོང་བཅའ་ཁྲིམས་ལག་བསྟར་དོན་འཁྱོལ་བྱ་རྒྱུ་ནི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་ལག་བསྟར་ནན་མོ་བྱེད་པའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པ་དང་། སྐྱེ་ཁམས་ཞིང་ཆེན་ཆེན་པོའི་ཆབ་སྲིད་འགན་འཁྲི་ཁག་ཁུར་བཟང་བོ་བྱེད་པའི་ནང་གནས་བླང་བྱ་ཡིན་པར་མ་ཟད། ཞིང་ཆེན་ཏང་གི་འཐུས་མི་ཚོགས་ཆེན་གྱི་དགོངས་དོན་དོན་འཁྱོལ་བྱེད་པའི་ལག་ལེན་གསོན་པོ་ཡིན།
ལིའུ་ཐུང་ཏི་ཡིས་ནན་གྱིས་བསྟན་དོན། བཅའ་ཁྲིམས་ཀྱི་འདུ་ཤེས་རྩ་དོན་དང་ནང་དོན་གཙོ་བོར་རྒྱུས་ལོན་ཡང་དག་བྱེད་པ་དང་། བརླན་སའི་ཐོན་ཁུངས་སྲུང་སྐྱོང་བྱ་རྒྱུ་དམ་འཛིན་ནན་མོ་བྱེད་པ། བཅའ་ཁྲིམས་འགན་འཁྲིའི་གཅུན་སྡོམ་ཇེ་དྲག་ཏུ་གཏོང་བ་བཅས་བྱས་ཏེ་བཅའ་ཁྲིམས་རང་ཞིང་དུ་ཆ་ཚང་ཞིང་ཡང་དག་པ་དང་ནུས་ཡོད་སྒོས་ལག་བསྟར་བྱེད་པར་འགན་སྲུང་བྱ་དགོས། སློབ་སྦྱོང་དྲིལ་སྒྲོག་དམ་འཛིན་བཟང་པོ་བྱས་ཏེ་སྤྱི་ཚོགས་ཡོངས་ཀྱིས་བརླན་ས་སྲུང་སྐྱོང་ལ་དོ་ཁུར་བྱེད་པ་དང་དེའི་ཁྲོད་དུ་ཞུགས་པའི་སྣང་ཚུལ་བཟང་པོ་བསྐྲུན་དགོས། ལག་བསྟར་དོན་འཁྱོལ་བྱ་རྒྱུ་དམ་འཛིན་བཟང་པོ་བྱེད་པ་དང་། བཅའ་ཁྲིམས་ཀྱི་གཏན་འཁེལ་སོ་སོ་ལག་བསྟར་ནན་མོ་བྱེད་པ། རང་སྟེང་གི་བཅའ་ཁྲིམས་འགན་འཁྲི་དོན་འཁྱོལ་ནན་མོ་བྱེད་པ་བཅས་བྱས་ཏེ་བཅའ་ཁྲིམས་ལ་བརྟེན་ནས་བརླན་ས་སྲུང་སྐྱོང་ལ་གེགས་བྱེད་པའི་དཀའ་ཁག་གནད་དོན་ཐག་གཅོད་དགོས། ཁྲིམས་འཛུགས་ལྟ་སྐུལ་དོ་དམ་དམ་འཛིན་བཟང་བོ་བྱེད་པ་དང་རང་ཞིང་གི་བརླན་ས་སྲུང་སྐྱོབ་སྲོལ་ཡིག་མྱུར་དུ་བཟོ་བཅོས་བྱེད་པ། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཁྱབ་ཁོངས་ཀྱི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་པ་བཅས་བྱས་ཏེ་བརླན་ས་སྲུང་སྐྱོང་བྱ་བར་ཁྲིམས་སྐྱོང་གི་བགྲོད་ལམ་སྟེང་གོ་རིམ་ལྡན་པར་སྐུལ་འདེད་གཏོང་བ་དང་ཡུན་རིང་འཕེལ་རྒྱས་འགྲོ་བར་འགན་སྲུང་བྱ་དགོས།
ཞིང་ཆེན་སྲིད་གཞུང་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་མི་སྣ་དང་དེ་མིན་ཆེད་ལས་མཁས་པ་བཅས་ཀྱིས་ཚོགས་ཐོག་ནས་གཏམ་བཤད།