ཟླ6པའི་ཚེས3ཉིན་གསར་འགོད་པས་ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་ཆུ་དམར་ལེན་རྫོང་ནས་རྒྱུས་ལོན་པ་ལྟར་ན། ཡུས་ཧྲུའུ་ཁུལ་གྱི་རྒན་གསོའི་བསླུ་བྲིད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་ཀྱི་ལས་དོན་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་བྱ་ཆེད། 2022ལོའི་ཟླ5བའི་ཚེས30ཉིན་ནས་བཟུང་རྫོང་དེས་ཁོངས་གཏོགས་ཁུལ་གྱི་རིམ་པ་སོ་སོའི་སྨན་བཅོས་ལས་ཁུངས་ཀྱིས་རྒན་གསོའི་བསླུ་བྲིད་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ཁྲིམས་འཛིན་འགུལ་སྐྱོད་མུ་མཐུད་སྤེལ་བ་དང་འབྲེལ“ཁྲིམས་འཛིན་དང་ཁྲིམས་ལུགས་ཁྱབ་གདལ། བཅོས་སྒྲིག”བཅས་ཆེད་དོན་འགུལ་སྐྱོད་ཁྲོད་འདྲེས་སུ་བཅུག་པ་རེད།
འགུལ་སྐྱོད་སྤེལ་བའི་རིང་རྫོང་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཁག་ཝུའུ་ཁྲེང་ཞོན་སྨན་བཅོས་ཁང་དང་ཧྲེན་གོ་ཀྲུང་སྨན་བཅོས་ཁང་། ཆུ་དམར་ལེབ་སི་ཡུས་དོ་དམ་ལྟེ་གནས་བཅས་སུ་བསྐྱོད་ནས་ཞིབ་བཤེར་བྱས། ཁྲིམས་འཛིན་མི་སྣས་གཙོ་གནད་དུ་སྨན་དོན་མི་སྣའི་ཐོབ་ཐང་ལག་ཁྱེར་དང་དེ་མིན་འབྲེལ་ཡོད་ནད་བརྟག་སྨན་བཅོས་དང་ནད་སྐྱོང་ཟིན་ཐོ་ཞིབ་བསྡུར་བྱས་ནས། ཐོབ་ཐང་མེད་པའི་སྨན་བཅོས་སྒྲིག་གཞི་ཡོད་མེད་གྲལ་བཤེར་དང་། སྨན་བཅོས་ཐོབ་ཐང་མེད་པའི་འབྲེལ་ཡོད་མི་སྣས་རང་དགར་རྒན་རྒོན་ལ་སྨན་བཅོས་བྱེད་སྒོ་སྤེལ་བ་དང་འབྲེལ་བདེ་ཐང་རྒན་གསོའི་མིང་ཐོག་ནས་རྒན་རྒོན་གྱི་ཁྲིམས་མཐུན་བདེ་ཐང་ཁེ་དབང་ལ་གནོད་འཚེ་གཏོང་བ་སོགས་སྨན་བཅོས་དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་བྱ་སྤྱོད་ལ་གྲལ་བཤེར་བྱས།
དེ་དང་དུས་མཚུངས་སུ། སྒྲོག་འགྲེལ་བྱེད་སྒོ་ཧུར་ཐག་གིས་སྤེལ་ནས་རྒན་རྒོན་ལ་ནད་བརྒྱ་སྨན་གཅིག་གིས་བཅོས་པའི་འཆི་མེད་རིལ་བུར་ཡིད་ཆེས་མི་བྱེད་པར། “རྒན་གསོའི་ཞབས་ཕྱི”དང“རྒན་གསོའི་རྣམ་གྲངས”ལ་མ་དངུལ་འཇོག་པ། “འཕྲོད་སྦྱོར་ཐོན་རྫས”བྲིན་ཚོང་བྱེད་པ། “སྡོད་ཁང་སྟེར་བ་དང་རྒན་གསོ་བྱ་རྒྱུ་ཡིན”ཞེས་བཤད་པ། “རྒན་གསོའི་འགན་བཅོལ”ཚབ་སྒྲུབ་བྱེད་པ། “རྒན་གསོའི་རོགས་སྐྱོར”སོགས་ལ་ཁ་གཡར་ནས་རྒན་རྒོན་གྱི་ཁྲིམས་མཐུན་ཁེ་དབང་ལ་གནོད་འཚེ་གཏོང་བའི་བསླུ་བྲིད་གཏོང་བའི་ཁྲིམས་འགལ་ཉེས་གསོག་སྣ་ཚོགས་ལ་དོགས་ཟོན་བྱེད་དགོས་པའི་བླང་བྱ་བཏོན།
རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་རྒན་གསོའི་མ་དངུལ་བསླུ་བར་རྡུང་རྡེག་གཏོང་བའི་ཆེད་དོན་འགུལ་སྐྱོད་དེ་དྲིལ་སྒྲོག་སློབ་གསོ་དང་ཆེད་དོན་རྡུང་རྡེག བཅོས་སྒྲིག་ཚད་ལྡན་བཅས་ཀྱི་བྱེད་ཐབས་བརྒྱུད་དེ་རྒན་རྒོན་ལ་བདེ་འཇགས་ལྡན་པའི་སྨན་བཅོས་ཁོར་ཡུག་སྐྲུན་པ་དང་། རྒན་གསོའི་འཕྲོད་བསྟེན་ཞབས་ཕྱིའི་ལས་རིགས་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ནས། མང་ཚོགས་ཀྱི“རྒན་གསོའི་དངུལ”སྲུང་སྐྱོང་བྱ་རྒྱུ་རེད།