ཟླ5པའི་ཚེས3ཉིན། གསར་འགོད་པས་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཀྲུང་དབྱང་གཏན་འཁེལ་བརྒྱད་ཀྱི་དགོངས་དོན་ལག་ལེན་མཐར་ཕྱིན་བྱེད་པ་དང་། རྒྱུན་འཁྱོངས་ལྷོད་མེད་སྒོས་སྲོལ་ངན་བཞི་ཡོ་བསྲང་བྱེད་པ། སྤྱོད་ཚུལ་འཛུགས་སྐྲུན་གྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ་བཅས་བྱེད་ཆེད། ད་ལོའི་ལྔ་གཅིག་དུས་ཆེན་སྐབས་སུ། ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་མང་ཚོགས་ཉེ་འགྲམ་གྱི་རུལ་སུངས་དང་སྤྱོད་ཚུལ་གནད་དོན་དང་སྲོལ་ངན་བཞིའི་གནད་དོན་སོགས་ཕྱོགས་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ལྟ་སྐུལ་ཞིབ་བཤེར་གྱི་ཕན་འབྲས་ལ་བརྟེན་ནས་སྤྱོད་གཙང་སྲོལ་བཟང་གི་དུས་ཆེན་གྱི་སྣང་ཚུལ་བསྐྲུན།
ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་སོ་སོར་ཆེད་དོན་ཞིབ་བཤེར་ཚན་ཆུང་བཙུགས་པ་དང་། ཡུལ་དངོས་ལྟ་ཞིབ་དང་མང་ཚོགས་ལ་དུས་བསྟུན་འཚམས་འདྲི་བྱེད་པ། བྱ་བའི་ཡིག་ཆ་དང་རྩིས་ཐོ་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་རྣམ་པ་བརྒྱུད་དེ། སྤྱོད་ཚུལ་འཛུགས་སྐྲུན་གནས་ཚུལ་ཐད་ནས་ལྟ་སྐུལ་ཞིབ་བཤེར་ཐེངས་མང་པོ་སྤེལ། ཞིང་ཆེན་ཡོངས་ཀྱི་ས་ཆ་སོ་སོས་ཁྲིམས་དང་འགལ་བའི་སྒོ་ནས་ཁ་གསབ་དངུལ་སྟེར་བ་དང་ལེགས་སྐྱེས་སྟེར་ལེན་བྱེད་པ། གཞུང་སྤྱོད་རླངས་འཁོར་སྒེར་སྤྱོད་བྱེད་པ་སོགས་ཀྱི་དུས་ཆེན་སྐབས་ཀྱི་ནོར་འཁྲུལ་ལ་དམིགས་ནས་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན། མཚོ་ཤར་གྲོང་ཁྱེར་མེན་ཧི་ཧོས་རིགས་ཧོར་རིགས་རང་སྐྱོང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་ལས་བྱེད་པའི་འཚོ་བའི་ཚོགས་དང་སྤྱི་ཚོགས་འབྲེལ་འདྲིས་ཚོགས། རྩེད་འཇོ་ཚོགས་བཅས་ལ་མངོན་ཞིབ་ལྐོག་བཤེར་བྱེད་པའི་ཚད་ཇེ་ཆེར་བཏང་བ་དང་། དུས་ཆེན་སྐབས་སུ་གཞུང་དངུལ་བཀོལ་ནས་གནས་སྐོར་བྱེད་པ་དང་ཟ་མ་ཟ་བ། ལེགས་སྐྱེས་སྟེར་བ་དང་། གཉེན་སྟོན་འདས་མཆོད་སོགས་ཀྱི་གོ་སྐབས་སྤྱད་དེ་དངུལ་ལྐོག་ལེན་བྱེད་པའི་སྲོལ་ངན་བཀག་འགོག་བྱས།
ཚོང་རའི་ལྟ་སྐུལ་དོ་དམ་དང་ཁྲལ་དོན། ཚོང་དོན་སོགས་སྡེ་ཁག་བར་གྱི་མཉམ་ལས་གཞོགས་འདེགས་ལ་ཤུགས་སྣོན་པ་དང་། སྟོབས་ཤུགས་མཉམ་བསྲེས་བྱས་ནས་ལྟ་སྐུལ་ཞིབ་བཤེར་གྱི་ཕན་འབྲས་མཐོར་འདེགས་བཏང་། ཡུས་ཧྲུའུ་བོད་རིགས་རང་སྐྱོང་ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་གྲོང་ཁྱེར་དང་རྫོང་སོ་སོའི་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གིས་སྤྱི་བདེ་ཉེན་རྟོགས་སོགས་སྡེ་ཁག་བར་གྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་པར་སྐུལ་འདེད་བཏང་བ་དང་། ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣས་ཆང་འཐུང་རྗེས་རླངས་འཁོར་སྐོར་བ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་སྤྱོད་ཚུལ་གྱི་གནད་དོན་ཁུངས་སྣེ་ཆེད་དོན་མི་སྣར་བརྒྱུད་སྤྲོད་བྱེད་པའི་འགན་འཁྲི་ལམ་ལུགས་བཙུགས་ལ། ཏང་ཡོན་ལས་བྱེད་པ་དང་གཞུང་ཞབས་མི་སྣས་དུས་ཆེན་སྐབས་སུ་ཆུང་འཐུང་ནས་རླངས་འཁོར་བསྐོར་བའི་གནད་དོན་གྱི་ཁུངས་སྣེ་མགྱོགས་མྱུར་སྒོས་ཐག་བཅད་པ་མ་ཟད། དུས་ཐོག་ཏུ་ཡོངས་བསྒྲགས་བྱས།
གཙོ་གནས་ས་ཁུལ་དང་གཙོ་གནད་ལས་རིགས་ཁྱབ་ཁོངས། གཙོ་གནད་ཁེ་ལས་ཀྱི་བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་དང་ཉེན་ཁ་རྟོག་སེལ་བྱེད་ཤུགས་ཆེར་གཏོང་བ་དང་། བདེ་འཇགས་ཐོན་སྐྱེད་གོ་རིམ་ཁྲོད་རྣམ་པ་ཙམ་བྱེད་པ་དང་ཕན་འབྲས་ལ་དོ་སྣང་མི་བྱེད་པ། ཁྲལ་མངོན་སླ་བཅོས་དང་རྫུན་བཟོ་ལེགས་བཅོས་སོགས་གནད་དོན་ལ་མཐའ་གཅིག་ཏུ་ཡོ་བསྲང་བཅོས་སྐྱོང་བྱས།
དེ་ལས་གཞན། རིམས་ནད་འགོག་སྡོམ་ལྟ་སྐུལ་ཞིབ་བཤེར་ལ་ཤུགས་བསྣན་པ་དང་། རིམ་པ་སོ་སོའི་ཏང་རྩ་འཛུགས་དང་འགན་ནུས་སྡེ་ཁག་གིས་ནམ་ཡང་རིམས་ནད་ཕྱི་ནས་ནང་དུ་མཆེད་པར་བཀག་འགོག་དང་ནང་ནས་ཕྱིར་བྱུང་བར་བཀག་འགོག་བྱེད་པའི་སྤྱིའི་ཇུས་ཆོད་དང་འགུལ་རྣམ་གཙང་སེལ་གྱི་སྤྱིའི་བྱེད་ཕྱོགས་རྒྱུན་འཁྱོངས་བྱས་ལ། རིམས་ནད་འགོག་སྡོམ་གྱི་ཕྱོགས་སོ་སོའི་འགན་འཁྲི་ལག་བསྟར་ནན་མོ་བྱས་པ་དང་། གོ་རིམ་ལྡན་པའི་ངང་རྒྱུན་ལྡན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་སྒྲིག་ལམ་སླར་གསོ་བྱེད་པ་དང་། དངོས་ཟོག་གེགས་མེད་སྐྱེལ་འདྲེན་ལ་འགན་སྲུང་བྱེད་པ། ཐོན་ལས་མུ་ཐག་དང་མཁོ་འདོན་མུ་ཐག་གཏན་འཇགས་སུ་གཏོང་བ་བཅས་བྱེད་ཆེད་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཀྱི་འགན་སྲུང་འདོན་སྤྲོད་བྱས།