རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་གསུམ་པའི་རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཟླ་གསུམ་པའི་ཚེས་བདུན་ཉིན་གྱི་དགོང་མོར་ཚང་འཛོམས་གྲོས་ཚོགས་བསྡུས་ཤིང་། འཐུས་ཚབ་ཚོགས་པ་སོ་སོའི་གྲོས་ཞིབ་བསམ་འཆར་གཞིར་བཟུང་སྟེ། ས་གནས་རིམ་པ་སོ་སོའི་མི་དམངས་འཐུས་མིའི་ཚོགས་ཆེན་དང་ས་གནས་རིམ་པ་སོ་སོའི་མི་དམངས་སྲིད་གཞུང་གི་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་དང་། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་ཁ་གྲངས་དང་འདེམ་བསྐོའི་གནད་དོན་སྐོར་གྱི་ཆོད་དོན་འཆར་ཟིན། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་པའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འདེམ་བསྐོའི་བྱེད་ཐབས་འཆར་ཟིན། ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འདེམ་བསྐོའི་བྱེད་ཐབས་འཆར་ཟིན་བཅས་ལ་གཅིག་གྱུར་གྲོས་ཞིབ་བྱས།
རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཅིག་གྱུར་སྒོས་བལྟས་ན། ས་གནས་རྩ་འཛུགས་བཅའ་ཁྲིམས་ཀྱི་བཟོ་བཅོས་འཆར་ཟིན་ལས་ཏང་གི་ཕྱོགས་ཡོངས་མགོ་ཁྲིད་རྒྱུན་འཁྱོངས་བྱེད་པ་དེ་ས་གནས་སྲིད་དབང་ལས་ཁུངས་ཀྱི་འགུལ་སྐྱོད་དང་འཛུགས་སྐྲུན་གྱི་ཆེས་མཐོའི་རྩ་དོན་དུ་བྱས་ཤིང་། མི་དམངས་དཀྱིལ་སྙིང་དུ་འཛིན་པ་རྒྱུན་འཁྱོངས་དང་། ཏང་དང་རྒྱལ་ཁབ་ལས་ཁུངས་ཀྱི་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་བའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་ཆེན་དང་ཉམས་མྱོང་བཟང་པོར་སྤྱི་བསྡོམས་བྱས་ནས། ལམ་ལུགས་སྣ་ཚོགས་ཀྱི་གསར་གཏོད་གྲུབ་འབྲས་དང་ལག་ལེན་ཁྲོད་ཀྱི་བྱེད་ཐབས་བཟང་བོ་དག་བཅའ་ཁྲིམས་ཀྱི་རྣམ་པས་གཏན་འཁེལ་བྱས་ཡོད་པས། རྩ་ཁྲིམས་གཏན་འབེབས་བྱེད་པའི་ལམ་ལུགས་དང་རྩ་དོན། གཏན་འཁེལ་བཅས་ལ་འཚམ་པར་མ་ཟད། སྒྲོམ་གཞི་ལུགས་མཐུན་ཡིན་པ་དང་གཏན་ཚིགས་གཟབ་ནན་ཡིན་ལ། ནང་དོན་ཕུན་སུམ་ཚོགས་པར་གྱུར་ཡོད་པར་འདོད།
ཁྲིམས་འཛུགས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་གཞིར་བཟུང་སྟེ། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པར་གྲོས་ཞིབ་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་བཟོ་བཅོས་གྲོས་ཆོད་འཆར་ཟིན་བཏོན་པ་དང་། ཀྲུའུ་ཞི་ཚོགས་པས་བཟོ་བཅོས་འཆར་ཟིན་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད།
རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གི་ཁོངས་མིས་གཅིག་གྱུར་སྒོས་བལྟས་ན། རྒྱལ་ཡོངས་མི་དམངས་འཐུས་མིའི་ཚོགས་ཆེན་གྱི་འཐུས་མིའི་འདེམ་བསྐོའི་བྱ་བ་བཟང་བོར་བསྒྲུབས་པ་ནི་ཏང་དང་རྒྱལ་ཁབ་ཀྱི་ཆབ་སྲིད་འཚོ་བའི་ཁྲོད་ཀྱི་དོན་ཆེན་ཞིག་ཡིན་པ་དང་། རྒྱལ་ཁབ་ཀྱི་སྲིད་དབང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མི་དམངས་འཐུས་མིའི་ཚོགས་ཆེན་ལམ་ལུགས་རྒྱུན་འཁྱོངས་དང་འཐུས་ཚང་དུ་གཏོང་བ། ཕྱོགས་སོ་སོའི་བློ་གྲོས་དང་སྟོབས་ཤུགས་གཅིག་བསྡུས་བྱས་ནས་ཕྱོགས་ཡོངས་ནས་སྤྱི་ཚོགས་རིང་ལུགས་ཀྱི་དེང་རབས་ཅན་རྒྱལ་ཁབ་འཛུགས་སྐྲུན་བྱེད་པར་དོན་སྙིང་གལ་ཆེན་ལྡན། ཐེངས་འདིའི་ཚོགས་ཆེན་ལ་གྲོས་ཞིབ་བྱེད་པར་སྤྲོད་རྒྱུའི་ཆོད་དོན་གཅིག་དང་བྱེད་ཐབས་གཉིས་ཀྱི་འཆར་ཟིན་དེས་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིའི་ཁ་གྲངས་དང་གྲུབ་ཚུལ། འདེམ་བསྐོའི་དུས་ཚོད་། ཞང་ཀང་དམིགས་བསལ་སྲིད་འཛིན་ས་ཁུལ་དང་ཨོ་མིན་དམིགས་བསལ་སྲིད་འཛིན་ས་ཁུལ་གྱི་རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིའི་འདེམ་བསྐོའི་བྱེད་ཐབས་ཐད་གཏན་འཁེལ་གསལ་པོ་བྱས་ཡོད་ལ། རྒྱལ་ཡོངས་དམངས་ཆེན་སྐབས་བཅུ་བཞི་བའི་འཐུས་མིའི་འདེམ་བསྐོའི་བྱ་བ་བཟང་བོར་བསྒྲུབས་པ་དང་། འཐུས་མིའི་འདེམ་བསྐོའི་བྱ་བ་བདེ་བླག་ངང་སྤེལ་བར་འགན་སྲུང་བྱེད་པར་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱས་ཡོད་པར་འདོད།
ཁྲིམས་འཛུགས་བཅའ་ཁྲིམས་སོགས་འབྲེལ་ཡོད་བཅའ་ཁྲིམས་ཀྱི་གཏན་འཁེལ་ལྟར། རྩ་ཁྲིམས་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་གིས་ཆོད་དོན་གཅིག་དང་བྱེད་ཐབས་གཉིས་ཀྱི་འཆར་ཟིན་ལ་གྲོས་ཞིབ་བྱས་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་བཏོན་ཡོད་ལ། ཀྲུའུ་ཞི་ཚོགས་པས་འཆར་ཟིན་གྱི་བཟོ་བཅོས་མ་ཡིག་དེ་འཐུས་ཚབ་ཚོགས་པ་སོ་སོར་གྲོས་ཞིབ་བྱེད་པར་སྤྲོད་རྒྱུ་ཐག་བཅད་ཡོད།