རང་ཞིང་གི་སྡེ་ཁག་བརྒྱད་ཀྱིས་མཉམ་འབྲེལ་སྒོས་ཡིག་ཆ་བཀྲམ་སྟེ་ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་འགན་སྲུང་བྱས།
ཟླ2པའི་ཚེས22ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་ནས་རྒྱུས་ལོན་པ་ལྟར་ན། 2021ལོར་མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཞིབ་དཔྱོད་དཔོན་པོའི་ཁྲིམས་དང་། ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་མི་དམངས་ཞིབ་དཔྱོད་ཁང་གི་རྩ་འཛུགས་ཁྲིམས་དང་། ཀྲུང་གུང་ཀྲུང་དབྱང་གཞུང་སྒྲུབ་ཐིང་། རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་སྒྲུབ་ཐིང་གི་ཁྲིམས་འཛིན་མི་སྣས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྲུང་སྐྱོང་བྱེད་པའི་ཁྲིམས་བཅད་འོས་འགན་གཏན་འབེབས་སོགས་གཞིར་བཟུང་སྟེ། མཚོ་སྔོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས། མཚོ་སྔོན་ཞིང་ཆེན་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། ཞིང་ཆེན་ཏང་ཨུའི་དྲིལ་སྒྲོག་པུའུ། ཞིང་ཆེན་ཏང་ཨུའི་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་སོགས་སྡེ་ཁག་བདུན་གྱིས་མཉམ་འབྲེལ་སྒོས་མཚོ་སྔོན་ཞིང་ཆེན་གྱི་ས་གནས་རིམ་པ་སོ་སོའི་མི་དམངས་ཞིབ་དཔྱོད་ཁང་གི་ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྲུང་སྐྱོང་བྱེད་པའི་ཁྲིམས་བཅད་གཏན་འབེབས་ལག་བསྟར་བྱེད་ཐབས་དཔར་ནས་བཀྲམ་པ་དང་། བསྡུས་མིང་ལ་བྱེད་ཐབས་ཞེས་བཀོད་ཡོད་ལ། ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་འགན་སྲུང་ནུས་ལྡན་བྱས།
མཚམས་སྦྱོར་བྱས་པ་ལྟར་ན། བྱེད་ཐབས་དེས་ཞིབ་དཔྱོད་ཀྱི་དོན་དངོས་ལ་རྐང་བཙུགས་པ་དང་། གནད་དོན་ཁྲིད་ཕྱོགས་དང་ལག་བསྟར་རང་བཞིན་ལ་དོ་སྣང་བྱས་ཏེ། བསྡོམས་པས་དོན་ཚན་ཉེར་གསུམ་བཀོད་ཡོད་པ་དང་། གཙོ་བོ་འབྲེལ་ཡོད་ཐེ་གཏོགས་མི་བྱེད་པ་དང་། འགན་འཁྲི་མེད་པར་བཟོ་བའི་རྐྱེན་སྲོལ། རྒུད་སྐྱོབ་ཐབས་ལམ། ལས་ཀའི་དཔྱད་ཞིབ། བདེ་འཇགས་འགན་སྲུང་། གུང་གསེང་ཁེ་དབང་། ཕོགས་ཐོབ་འགན་སྲུང་སོགས་ཀྱི་ནང་དོན་འདུས་ཡོད། བྱེད་ཐབས་ཀྱིས་ཕྱོགས་གསུམ་ནས་ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པའི་ཁྲིམས་བཅད་འགན་འཁྲིའི་སྲུང་སྐྱོབ་རྐྱེན་སྲོལ་འཐུས་ཚང་ཇེ་ལེགས་སུ་བཏང་ཡོད། ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་འགལ་རྐྱེན་བཟོ་བར་སྔོན་འགོག་བྱེད་པའི་ལམ་ལུགས་རྐྱེན་སྲོལ་མང་པོ་བཙུགས་ཡོད་དེ། ལས་ཁུངས་དང་མི་སྒེར་གང་རུང་གིས་ཞིབ་དཔྱོད་དཔོན་པོར་ཁྲིམས་བཅད་འགན་འཁྲི་ལས་བརྒལ་བའི་ལས་དོན་སྒྲུབ་པའི་རེ་བ་བཏོན་མི་ཆོག་པ་གཏན་འཁེལ་གསལ་པོ་བྱས་ཡོད་ལ། མི་དམངས་ཞིབ་དཔྱོད་ཁང་ལ་ལས་ཁུངས་དང་མི་སྒེར་གང་རུང་གིས་ཁྲིམས་བཅད་འགན་འཁྲི་ལས་བརྒལ་བའི་ལས་དོན་རེ་བ་དང་ལེན་མི་བྱེད་པའི་དབང་ཆ་ཡོད་པ་མ་ཟད། ས་གནས་ཀྱི་ཆ་གསེས་རྒྱབ་ནས་ཚོང་འགུག་ནང་འདྲེན་བྱེད་པ་དང་། ས་བསྡུ་བཤིག་སྤོ་སོགས་ལས་འགན་སྒྲུབ་སྟེ་ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་འཁྲི་བྱེད་པར་ཤུགས་རྐྱེན་བཟོ་བ་སྔོན་འགོག་བྱེད་དགོས། ཁྲིམས་མཐུན་མིན་པའི་སྒོ་ནས་ཞིབ་དཔྱོད་དཔོན་པོ་བསྐོ་འཐེན་བྱེད་པ་དང་། གོ་གནས་ལེན་པ། ལས་གནས་ཕྱིར་སློག་དང་ཡང་ན་གོ་གནས་ཇེ་དམའ་དང་ལས་གནས་དབྱུང་བ་སོགས་ཀྱི་ཆད་པ་གཅོད་མི་ཆོག ཞིབ་དཔྱོད་དཔོན་པོའི་འགན་འཁྲི་རྩད་གཅོད་ལམ་ལུགས་གཏན་འབེབས་བྱས་ཡོད་དེ། གྱོད་གཞི་ནོར་འཁྲུལ་ཅན་རྩད་གཅོད་བྱེད་པའི་ཚད་གཞི་གཏན་འཁེལ་བྱས་ཏེ། ཁྲིམས་འཛིན་བརྒྱུད་རིམ་ཧྲིལ་བོའི་ཁྲོད་དུ་ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་ལས་འགན་སྒྲུབ་དུས་ཁག་ཁུར་བྱེད་དགོས་པའི་འོས་འགན་ཚད་མཐའ་སོགས་གཏན་འཁེལ་བྱས་ཡོད། འགན་འཁྲིའི་བདེ་འཇགས་སྲུང་སྐྱོང་ལ་ཤུགས་སྣོན་བྱས་ཡོད་དེ། ཁྲིམས་འཛིན་བྱ་འགུལ་ལ་ཐེ་གཏོགས་བཀག་འགོག་བྱེད་པ་གཏན་འགོག་དང་། ཞིབ་དཔྱོད་དཔོན་པོ་དང་དེའི་ཉེ་འབྲེལ་ལ་འཇིགས་སྐུལ་དང་། མ་ཉེས་ཁ་གཡོགས་བྱེད་པ། སྐུར་འདེབས་བྱེད་པ། དྲག་ཤུགས་ཀྱིས་གནོད་འཚེ་གཏོང་བ་སོགས་ཀྱི་བྱ་སྤྱོད་ལ་ཁྲིམས་ལྟར་ཆད་པ་ནན་མོ་གཅོད་རྒྱུ་གཏན་འཁེལ་བྱས་ཡོད།
མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གི་འབྲེལ་ཡོད་འགན་ཁུར་མི་སྣས་བཤད་རྒྱུར། མཚོ་སྔོན་ཞིང་ཆེན་ཞིབ་དཔྱོད་ཁང་གིས་ཞིང་ཆེན་ཡོངས་ཀྱི་ཞིབ་དཔྱོད་ལས་ཁུངས་སོ་སོར་རྩ་འཛུགས་བྱས་ཏེ་བྱེད་ཐབས་ལག་བསྟར་ཧུར་ཐག་དང་། ས་ཆ་སོ་སོའི་དོན་དངོས་དང་ཟུང་འབྲེལ་གྱིས་ཞིབ་དཔྱོད་དཔུང་ཁག་གི་ཉེན་ཁ་སྔོན་འགོག་ཚོད་འཛིན་ལ་ཁ་གཏད་འཇལ་བ་དང་། འཕྲལ་བསྟུན་ཐག་གཅོད། འགལ་ཟླ་སེལ་བ། ཁེ་དབང་འགན་སྲུང་སོགས་ཀྱི་བྱ་བའི་རྐྱེན་སྲོལ་བཙུགས་ཏེ། ཞིབ་དཔྱོད་དཔོན་པོས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པར་སྲུང་སྐྱོང་བྱེད་ཐབས་མུ་མཐུད་འཐུས་ཚང་དུ་བཏང་། དུས་མཉམ་དུ། མཚོ་སྔོན་ཞིང་ཆེན་ཡོངས་ཀྱི་རིམ་པ་སོ་སོའི་ཞིབ་དཔྱོད་ཁང་གིས་རང་འགུལ་གྱིས་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཨུ་ཡོན་ལྷན་ཁང་དང་། དྲིལ་སྒྲོག་པུའུ། སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་། དྲ་འཕྲིན་གཞུང་སྒྲུབ་ཁང་། སྤྱི་བདེ་ལས་ཁུངས་སོགས་སྡེ་ཁག་བར་བརྗེ་རེས་སྦྲེལ་མཐུད་བྱེད་པར་ཤུགས་བསྣན་ནས། བྱེད་ཐབས་དོན་དངོས་སུ་དངོས་འབེབས་བྱེད་པ་དང་། ཞིབ་དཔྱོད་དཔོན་གྱི་ཁྲིམས་མཐུན་ཁེ་དབང་ལ་སྲུང་སྐྱོང་དང་། ཞིབ་དཔྱོད་དཔོན་གྱིས་ཁྲིམས་ལྟར་འགན་འཁྲི་སྒྲུབ་པ་དང་། དྲང་བདེན་ངང་དབང་ཆ་སྤྱོད་པ་འགན་སྲུང་བྱེད་དགོས།