ཉེ་སྔོན། 2021ལོའི་ལོ་འཁོར་མོའི་རྒྱལ་ཡོངས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་པེ་ཅིན་དུ་འཚོགས། ཀྲུང་དབྱང་སྲིད་ཁྲིམས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོའམ་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་ཀྲུའུ་རེན་ཁྲེན་དབྱི་ཞིན་གྱིས2021ལོའི་ལོ་འཁོར་མོའི་རྒྱལ་ཡོངས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཁྲོད་བསྒྲུབས་པའི“དོན་དངོས་བཅུ”ལེགས་འགྲུབ་བྱུང་བའི་གནས་ཚུལ་ཁྱབ་བསྒྲགས་བྱས།
ཁྲེན་དབྱི་ཞིན་གྱིས་མཚམས་སྦྱོར་བྱས་པ་སྟེ། 2021ལོའི་ཟླ4པར།རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་བྱེད་མགོ་རྩོམ་པའི་ལོར“དོན་དངོས་བཅུ”ལེགས་པོར་བསྒྲུབ་པའི་བསམ་ཚུལ་བཏོན་པ་དང་།ས་ཆ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་མཉམ་དུ་དམག་འཐབ་དང་དཀའ་ངལ་ཁྱད་གསོད་བྱས་ཏེ་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཤིང་། སྤྱི་ཚོགས་ཡོངས་ལ་ནག་འཇོམས་ངན་སེལ་ནམ་ཡང་བྱེད་སྒང་ཡིན་པའི་བརྡ་རྟགས་གསལ་པོ་བཏང་བ་དང་།སྤྱི་ཚོགས་བདེ་སྲུང་གི་གནས་བབ་མུ་མཐུད་དུ་ཇེ་ལེགས་སུ་འགྲོ་བའི་རྣམ་པར་སྐུལ་སློང་ནུས་ལྡན་བྱས་པས།མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང་དང་བདེ་སྣང་བཅས་སྔར་ལས་ཇེ་དྲག་ཏུ་སོང་ཡོད།
བྲོས་བྱོལ་པ་ཕལ་ཆེ་བ་འཛིན་བཟུང་བྱས་པ།
རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་མཇུག་བསྒྲིལ་རྗེས། ནག་འབྲེལ་ངན་འབྲེལ་གྱི་བྲོས་བྱོལ་ཉེས་ཅན་ཁ་ཤས་ཤིག་ད་རུང་འཛིན་བཟུང་བྱེད་ཐུབ་མེད་པའི་གནས་ཚུལ་སྔར་བཞིན་གནས་པ་རེད།རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་བྲོས་བྱོལ་པ་འཛིན་བཟུང་བྱ་རྒྱུ་དེ་དོན་དངོས་བཅུའི་ནང་གི་དང་པོར་བཞག་ཡོད་པ་དང་།ཟླ12པའི་ཚེས26ཉིན་བར།བྲོས་བྱོལ་པ680ལས610འཛིན་བཟུང་བྱས་པས།འཛིན་བཟུང་བྱས་པའི་ཚད89.7%ལ་སླེབས་ཤིང་།དེའི་ནང་གི214ཡིས་རང་ཉེས་ངོས་ལེན་བྱས་པ་རེད།
ཁུངས་སྣེ་གལ་ཆེན་ལ་ཞིབ་བཤེར་བྱེད་པའི་ཐད་ནས་འཕེལ་རྒྱས་གསར་པ་བྱུང་བ།
མང་ཚོགས་ཀྱིས་གཏུག་བཤེར་བྱེད་པའི་གནས་ཚུལ་སྔར་བཞིན་མང་ཞིང་།གཏུག་བཤེར་ཁུངས་སྣེ་ཁ་ཤས་ཤིག་ལ་ཞིབ་བཤེར་ཟབ་མོ་བྱེད་མི་ཐུབ་པ་སོགས་ཀྱི་གནད་དོན་ལ་དམིགས་ཏེ།རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་ཁུངས་སྣེ་གལ་ཆེན114ལ་ཐད་ཀར་ཞིབ་བཤེར་བྱེད་ཚར་དུ་བཅུག་པ་དང་།ནག་འབྲེལ་རྩ་འཛུགས164དང་ངན་འབྲེལ་ཉེས་བསགས་ཚོགས་པ1018མེད་པར་བཟོས་པ་དང་།ཉེས་བསགས་དོགས་ཅན་མི་སྣ་ཁྲི1.4འཛིན་བཟུང་བྱས་པས།ནག་འབྲེལ་ཉེས་བསགས་ཀྱི་མྱུ་གུ་མ་འབུས་གོང་ནས་རྡུང་རྡེག་གཏོང་བའི་མཐོ་གནོན་གནས་བབ་རྒྱུན་སྲུང་བྱས།
“སྲུང་གདུགས”སྐོར་ཞིག་རྩད་བཅད་དེ་ཐག་གཅོད་བྱས་པ།
“སྲུང་གདུགས”རྩད་གཅོད་པ་དང་སྲིད་ཁྲིམས་དམག་དཔུང་ལ་སློབ་གསོ་དག་ཐེར་བྱས་ཏེ“ས་བཤིག་པའི་ཨ་བྲ་དང་སྡེ་བཤིག་པའི་ཆོམ་རྐུན”མེད་པར་བཟོ་བ་གཉིས་ལ་གཅིག་གྱུར་གྱིས་སྐུལ་འདེད་བྱེད་པ་དང་།ཁུངས་སྣེ་མཉམ་དུ་རྩད་གཅོད་པ་དང་གྱོད་དོན་མཉམ་དུ་སྒྲུབ་པ།ལྟ་སྐུལ་སློབ་སྟོན་མཉམ་དུ་བྱེད་པ་སོགས་བྱས་ཏེ།ཆེད་དམིགས་འཐབ་རྩོད་ཀྱི་སྐབས་སུ་ནག་ཕྱོགས་ཡོད་ལ་སྲུང་གདུགས་མེད་པ་དང་ཞིབ་བཤེར་ཟབ་མོ་བྱེད་མ་ཐུབ་པའི་ནག་འབྲེལ་ངན་འབྲེལ་གྱོད་དོན་རྣམས་ལ་ཡང་བསྐྱར་མགོ་ནས་རྩད་གཅོད་བྱེད་པར་སྐུལ་འདེད་ནུས་ལྡན་བཏང་།2021ལོར་བསྡོམས་པས་ནག་འབྲེལ་ངན་འབྲེལ་དང་རུལ་སུངས།དེ་མིན་ད་རུང་སྲུང་གདུགས་བཅས་དང་འབྲེལ་བའི་གནད་དོན9931རྩད་གཅོད་བྱས་པ་དང་།དེའི་ནང་གི་མི9569ལ་ཏང་གི་སྒྲིག་ཁྲིམས་ཀྱི་སྲིད་དོན་ཆད་པ་བཅད་པ་དང་།མི1037ཁྲིམས་འཛིན་ལས་ཁུངས་ལ་སྤྲད།
གསོག་འཇོག་བྱས་ཡོད་པའི་གྱོད་དོན་ཚང་མ་ཕལ་ཆེར་ཁྲིམས་ལྟར་ཐག་བཅད་པ།
2021ལོའི་ཟླ12པའི་ཚེས20ཉིན་བར།རྒྱལ་ཡོངས་ནག་འཇོམས་ངན་སེལ་གྱི་ཆེད་དམིགས་འཐབ་རྩོད་མཇུག་བསྒྲིལ་རྗེས་གསོག་འཇོག་བྱས་ཡོད་པའི་གྱོད་དོན་ཐག་བཅད་ཚད99.3%ལ་སླེབས་པ་དང་།2021ལོའི་ཚུན་ལ་བསྡོམས་པས་གྱོད་འབྲེལ་རྒྱུ་ནོར་སྒོར་དུང་ཕྱུར589.38ལག་བསྟར་གནད་ཁེལ་བྱས་པས།ཆབ་སྲིད་ཀྱི་གྲུབ་འབྲས་དང་བཅའ་ཁྲིམས་ཀྱི་གྲུབ་འབྲས།སྤྱི་ཚོགས་ཀྱི་གྲུབ་འབྲས་བཅས་ལེགས་པོ་ཐོབ་ཡོད།
ཆ་རྐྱེན་དང་མི་མཐུན་པའི་མི་ཁྲི9.3གྱི་འདེམས་ཞུགས་ཐོབ་ཐང་མེད་པར་བཟོས་པ།
ས་གནས་སོ་སོས་སྡེ་བའི(སྡེ་ཁུལ)“ཨུ་ཡོན་ལྷན་ཁང་གཉིས”ཀྱི་གཅིག་བསྡུས་སྐབས་བརྗེའི་གོ་རིམ་ཁྲོད།“ཨུ་ཡོན་ལྷན་ཁང་གཉིས”ཀྱི་མི་སྣར་མཉམ་འབྲེལ་ཞིབ་བཤེར་བྱེད་པའི་ལམ་ལུགས་དངོས་འབེབས་གཟབ་ནན་དང་།འདེམ་སྒུག་མི་སྣའི་ལྡོག་ཕྱོགས་གནས་ཚུལ་ཇེ་ཞིབ་ཏུ་གཏོང་བ། སྡེ་བའི་ནང་གི་བཙན་དབང་ཅན་དང་ནག་འབྲེལ་ངན་འབྲེལ་སོགས་ཀྱི་གནད་དོན་གཙང་སེལ་བཅས་བྱས་ཏེ།བསྡོམས་པས་ཆ་རྐྱེན་དང་མི་མཐུན་པའི་མི་ཁྲི9.3གྱི་འདེམས་ཞུགས་ཐོབ་ཐང་མེད་པར་བཟོས།
ལས་རིགས་བཞི་དག་ཐེར་བྱེད་པར་དུས་རིམ་རང་བཞིན་གྱི་གྲུབ་འབྲས་ཐོབ་པ།
ཆ་འཕྲིན་དྲ་རྒྱའི་ལས་རིགས་ཀྱི་ཕྱོགས་ནས།2021ལོའི་ཟླ11པའི་ཟླ་མཇུག་བར།བསྡོམས་པས་ཆ་འཕྲིན་དྲ་རྒྱའི་མགོ་སྐོར་གྱི་གྱོད་དོན37རྩད་ཆོད་པ་དང་།ཉེས་བསགས་དོགས་ཅན་མི་སྣ་ཁྲི54.9འཛིན་བཟུང་བྱས་ལ།འགྲིམ་འགྲུལ་སྐྱེལ་འདྲེན་ལས་རིགས་ཀྱི་ཕྱོགས་ནས།ཟུང་སྐྱེལ་ཁ་ལོ་པར་ཀླན་ཀ་འཚོལ་བ་དང་རྙོག་དྲ་བཟོ་བ།བསྙད་འདོགས་རྒྱུ་འཕྲོག་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ཞིང་།བཟོ་འགོད་འཛུགས་སྐྲུན་ལས་རིགས་ཀྱི་ཕྱོགས་ནས།བཙན་ཤེད་ཀྱིས་ཨར་ལས་སྒྲུབ་པ་དང་སྒྲིག་སྲོལ་དང་འགལ་བའི་སྒོ་ནས་འཛུགས་སྐྲུན་བྱེད་པ་སོགས་ཀྱི་ཁུངས་སྣེ་འབུར་ཐོན7800ལྷག་རྩ་འཛུགས་སྒོས་ཞིབ་བཤེར་ཐག་གཅོད་བྱས།རང་བྱུང་ཐོན་ཁུངས་ལས་རིགས་ཀྱི་ཕྱོགས་ནས།“བྱེ་མའི་བཙན་དབང་ཅན”དང“གཏེར་ཁུངས་ཀྱི་བཙན་དབང་ཅན”སོགས་ཀྱི་ཁྲིམས་འགལ་ཉེས་བསགས་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་ནས།2021ལོར་བསྡོམས་པས་རང་བྱུང་ཐོན་ཁུངས་ཀྱི་ཁྱབ་ཁོངས་དང་འབྲེལ་བའི་ནག་ཚོགས121རྩ་མེད་དུ་བཏང་ཞིང་།ཉེས་བསགས་དོགས་ཅན་མི་སྣ2500ལྷག་འཛིན་བཟུང་བྱས།
སྒོ་བྱང་བཀལ་ནས་སྐུལ་སྒྲུབ་བྱེད་པའི་གྱོད་དོན་གནད་ཆེན་ལ་མཆོང་བརྒལ་ཆེན་པོ་བྱུང་བ།
གྱོད་དོན30ཚགས་འདེམ་སྒོས2021ལོའི་རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གི་སྒོ་བྱང་བཀལ་ནས་སྐུལ་སྒྲུབ་བྱེད་པའི་གྱོད་དོན་གནད་ཆེན་དུ་བརྩིས་ཏེ།ཐག་གཅོད་བྱེད་མི་ཐུབ་པ་དང་ཐག་གཅོད་བྱེད་དཀའ་བའི་གྱོད་དོན་སྐོར་ཞིག་ཐག་གཅོད་བྱེད་པར་སྐུལ་འདེད་བཏང་།མིག་སྔར་སྒོ་བྱང་བཀལ་བའི་གྱོད་དོན30ཡི་ནང་གི་གྱོད་དོན4ཐག་གཅོད་བྱས་ཟིན་པ་དང་།གྱོད་དོན7ཞིབ་བཤེར་ཞུ་གཏུག་བྱས་ཤིང་།གྱོད་དོན19རྩད་གཅོད་བྱེད་ཀྱིན་པའི་སྒང་ཡིན།དེའི་ནང་དུ་ཀྲང་ཅུན་རྨིན་ནག་འབྲེལ་གྱོད་དོན་གྱི་ཉེས་བསགས་དོགས་ཅན་མི་སྣ77འཛིན་བཟུང་བྱས་པ་དང་།ཧྲེན་དབྱང་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཟུར་པའམ་གྲོང་ཁྱེར་སྤྱི་བདེ་ཅུས་ཀྱི་ཅུས་ཀྲང་ཟུར་པ་དབྱང་ཅན་ཅུན་སོགས་ཀྱི“སྲུང་གདུགས”80ཞིབ་བཤེར་ཐག་གཅོད་བྱས་ཤིང་།ཐའོ་ཀོ་ནག་འབྲེལ་གྱོད་དོན་གྱི་ཉེས་བསགས་དོགས་ཅན་མི་སྣ70འཛིན་བཟུང་བྱས་པ་དང་།ནག་འབྲེལ་མ་དངུལ་སྒོར་དུང་ཕྱུར3རྩད་གཅོད་དང་ཚོད་འཛིན་བྱས་པ་རེད།
ས་གནས་དང་གྲོང་ཁྱེར་གཙོ་བོར་བསྡད་དེ་ལྟ་སྐུལ་མཛུབ་སྟོན་དང་དག་ཐེར་ལེགས་བཅོས་བྱེད་པའི་བྱ་བར་གྲུབ་འབྲས་མངོན་གསལ་ཐོབ་པ།
རྒྱལ་ཡོངས་ནག་འཇོམས་ངན་སེལ་གཞུང་ལས་ཁང་གིས་ལྟ་སྐུལ་མཛུབ་སྟོན་ཚན་ཆུང་མངགས་ནས་ས་གནས་དང་གྲོང་ཁྱེར32སུ་སྡོད་དུ་བཅུག་སྟེ།མཛུབ་སྟོན་དང་ལྟ་སྐུལ་བྱེད་ཚད་ཆེ་རུ་བཏང་།མིག་སྔར།གཙོ་གནད་ས་ཁུལ་གྱི་བྱ་བ་ཡོངས་རྫོགས་བསྙེགས་བརྒལ་གནས་འཕར་བྱུང་བས།རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་དོ་མཉམ་འཕེལ་རྒྱས་ཡོང་བར་སྐུལ་འདེད་ཐོབ་ཡོད།
ནག་འཇོམས་ངན་སེལ་གྱི་སྔོན་ཐོན་དཔེ་མཚོན་མང་པོ་བྱུང་བ།
2021ལོའི་ཟླ3པར།རྒྱལ་ཡོངས་ནག་འཇོམས་ངན་སེལ་ཆེད་དམིགས་འཐབ་རྩོད་ཀྱི་ཕྱོགས་བསྡུས་གཟེངས་བསྟོད་ཚོགས་ཆེན་སྟེང་སྔོན་ཐོན་ཐུན་མོང197དང་།སྔོན་ཐོན་ལས་བྱེད་མཁན540ལ་གཟེངས་བསྟོད་ཐོབ།རྒྱལ་ཡོངས་སྲིད་ཁྲིམས་དཔུང་སྡེའི་སློབ་གསོ་དག་ཐེར་སྟེང་གི་དཔའ་བོ་དཔེ་ལེགས་ཅན་གྱི་སྙིང་སྟོབས་དང་། བདེ་འཇགས་ཀྲུང་གོ་སྐྲུན་པའི་གཟེངས་བསྟོད་ཚོགས་ཆེན་ལ་ཟུང་འབྲེལ་བྱས་ཏེ། མང་ཚོགས་ཀྱི་ཁས་ལེན་ཐོབ་ཚད་མཐོ་ཞིང་། སློབ་སྦྱོང་དང་ཟུར་ལྟ།ཁྱབ་གདལ་བཅས་སུ་གཏོང་རིན་ཡོད་པའི་སྔོན་ཐོན་དཔེ་ལེགས་མིག་དཔེ་སྐོར་ཞིག་གསར་དུ་བདམས་ཏེ་གཟེངས་བསྟོད་བྱས་པར།ངར་སེམས་དང་སྐུལ་མ་ཆེན་པོ་ཐེབས།
“ནག་འཇོམས་རླུང་འཚུབ”སོགས་ཀྱི་གློག་བརྙན་དང་བརྙན་འཕྲིན་མང་པོ་ཞིག་ཇུས་འགོད་དང་ཕབ་སྐྲུན་བྱས་པ།
ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་དྲ་ཐོག་འགྲེམ་སྟོན་ཁང་བཙུགས་པ་དང་།《ནག་འཇོམས་ངན་སེལ་ནི་རྒྱལ་བདེ་དམངས་སྐྱིད་ཡོང་བའི་ཆེད་དུ་ཡིན》ཅེས་པའི་སྲིད་དོན་དཔྱད་གླེང་གློག་བརྙན་དང་།《ནག་འཇོམས་ཐག་གཅོད་དམག་འཐབ》དང《ནག་འཇོམས་རླུང་འཚུབ》སོགས་ཀྱི་བརྙན་འཕྲིན་འཁྲབ་ཚན་ཇུས་འགོད་དང་ཕབ་སྐྲུན་བྱས་ཤིང་།ཀྲུང་དབྱང་སྲིད་ཁྲིམས་ཀྱི་སྡེ་ཚན་དང་ས་གནས་སོ་སོས་གསར་འགྱུར་ཁྱབ་སྒྲོག་ཚོགས་འདུ་བསྡུ་བ་སོགས་ཀྱི་བྱེད་སྟངས་བརྒྱུད་ནས།རྒྱུན་རྣམ་ཅན་གྱི་ནག་འཇོམས་ངན་སེལ་འཐབ་རྩོད་ཀྱི་འཕེལ་རིམ་དུས་ཐོག་ཏུ་ཁྱབ་སྒྲོག་བྱས་པར།མི་དམངས་མང་ཚོགས་ཀྱིས་ཏང་ཀྲུང་དབྱང་གི་ནག་འཇོམས་ངན་སེལ་ཇུས་ཆོད་ནི་ཡང་དག་མཁས་མཛངས་ལྡན་པ་ཞིག་རེད་ཅེས་བསྟོད་པའི་མཐེ་བོང་བསྒྲེངས།