ཟླ1པོའི་ཚེས29ཉིན། མཚོ་སྔོན་ཞིང་ཆེན་གྱི་ཧྲིན་ཀྲང་གཞོན་པ། སྤྱི་བདེ་ཐིན་གྱི་ཐིན་ཀྲང་ལིས་ཧུང་ཡ་ཟི་ལིང་གཞི་རིམ་སྤྱི་བདེ་རུ་ཁག་ཏུ་སོང་ནས་བདེ་འཇགས་འགན་སྲུང་དང་གཏན་འཇགས་སྲུང་སྐྱོང་བྱ་བར་ལྟ་སྐུལ་ཞིབ་བཤེར་བྱས་པ་དང་། ཚང་མར་ལོ་སར་གྱི་འཚམས་འདྲི་ཞུས་པར་མ་ཟད། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ལོ་སར་སྐབས་ཀྱི་བདེ་འཇགས་འགན་སྲུང་དང་ལས་རེས་ལས་སྲུང་། རིམས་ནད་འགོག་སྡོམ་དང་ཞབས་ཕྱི་འགན་སྲུང་སོགས་བྱ་བ་བཟང་པོར་བསྒྲུབ་ནས། ཧུར་ཐག་གིས་རིགས་སོ་སོའི་མི་དམངས་མང་ཚོགས་ཀྱིས་ལོ་སར་སྐྱིད་པོ་ཞིག་རོལ་བ་དང་། པེ་ཅིང་དགུན་དུས་ཨོ་ལིན་ཕིག་ལུས་རྩལ་འགྲན་ཚོགས་བདེ་བླག་ངང་བསྡུ་བའི་ཐད་རྒྱུན་མཐུད་བདེ་འཇགས་དང་གཏན་འཇགས་ཀྱི་ཆབ་སྲིད་སྤྱི་ཚོགས་ཁོར་ཡུག་བསྐྲུན་དགོས་པའི་རེ་བ་བཏོན།
ཞིབ་བཤེར་བྱེད་སྐབས། ལིས་ཧུང་ཡ་ཡིས་མི་དམངས་ཉེན་རྟོག་པ་དང་ཉེན་རྟོག་ལག་རོགས་པའི་བྱ་བ་དང་འཚོ་བ་སོགས་གནས་ཚུལ་ལ་རྒྱུས་ལོན་གསལ་བོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ལོ་སར་སྐབས་ཀྱི་གཞུང་ལམ་འགྲིམ་འགྲིལ་བདེ་འཇགས་གནས་བབ་ལ་ཞིབ་འཇུག་དང་བརྡར་གཅོད་བྱེད་པ་དང་། ལམ་ངོས་དོ་དམ་ཚོད་འཛིན་བྱེད་ཐབས་ལག་བསྟར་ནན་མོ་བྱེད་པ། འགྲིམ་འགྲུལ་ཐད་ཀྱི་ཁྲིམས་འགལ་སྤྱོད་ཚུལ་ལ་ཞིབ་བཤེར་ནན་མོ་བྱེད་པ། ལམ་མཚམས་གཙོ་བོའི་ཉེན་རྟོག་ལས་རེས་ལ་ཤུགས་བསྣན་ནས། མང་ཚོགས་ཀྱི་ལོ་སར་སྐབས་ཀྱི་ཕྱིར་བགྲོད་ཐད་བདེ་འཇགས་གེགས་མེད་ཀྱི་འགྲིམ་འགྲུལ་ཁོར་ཡུག་བསྐྲུན་དགོས། མངག་གཏོང་ཁང་གི་འཛུགས་སྐྲུན་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན་ལ་སྔར་ལས་ཤུགས་སྣོན་པ་དང་། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་མངག་གཏོང་ཁང་གི་བྱ་བའི་སྤུས་འདེགས་ནུས་སྤེལ་ལ་སྐུལ་འདེད་བཏང་སྟེ། གཞི་རིམ་བཅོས་སྐྱོང་ནུས་པ་རྒྱུན་མཐུད་ངང་མཐོར་འདེགས་གཏོང་དགོས་པའི་རེ་བ་བཏོན།
ལིས་ཧོང་ཡ་ཡིས་ནན་གྱིས་བསྟན་དོན། ཞིང་ཆེན་ཡོངས་ཀྱི་སྤྱི་བདེ་ལས་ཁུངས་ཀྱིས་ཚོགས་ཆེན་ཐེངས་ཉི་ཤུ་པ་བསུ་བ་དང་། བློ་དཀར་བའི་སྒོ་ནས་བདེ་འཇགས་སྲུང་སྐྱོང་བྱེད་པའི་བརྗོད་དོན་ལ་དམིགས་ནས། མིག་སྔར་ལ་རྐང་འཛུགས་པ་དང་། ཉེན་ཁ་བཀག་འགོག་དང་ཉེན་ཁ་མེད་པར་བཟོ་བ། དོན་རྐྱེན་འབྱུང་ཚད་ཇེ་ཉུང་དུ་གཏོང་བ། བདེ་འཇགས་སྲུང་སྐྱོང་བྱེད་པའི་ཆེད་དོན་འགུལ་སྐྱོད་དམ་འཛིན་བྱེད་པ། ལོ་ཧྲིལ་བོར་གཞིགས་ཏེ། དུས་རིམ་རེ་རེ་བརྟན་སྲུང་དང་བྱ་བ་རེ་རེ་བཟང་པོར་བསྒྲུབ་ནས། ཞིང་ཆེན་ཡོངས་ཀྱི་སྤྱི་ཚོགས་ཧྲིལ་བོ་རྒྱུན་མཐུད་ངང་བརྟན་འཇགས་ཡོང་བར་ཁག་ཐེག་བྱེད་པ་དང་། ས་ཁོངས་གཅིག་གི་གཏན་འཇགས་ལ་བརྟེན་ནས་རྒྱལ་ཡོངས་ཀྱི་གཏན་འཇགས་ཐད་བྱས་རྗེས་འཇོག་དགོས།